ཁུ་པཱའི་ཕྱི་འབྲེལ་བློན་ཆེན་གྱིས་ཨ་མེ་རི་ཁས་འཇིགས་སྐུལ་རིང་ལུགས་ལ་རྒྱབ་སྐྱོར་བྱེད་པའི་རྒྱལ་ཁབ་ཀྱི་གྲས་སུ་བཞག་ནས་ཁུ་པཱའི་དཔལ་འབྱོར་ཁྱད་གསོད་བྱས་པར་སྐྱོན་བརྗོད་བྱས།
2023.03.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 40

ཁུ་པཱ་རྒྱལ་ཁབ་ཕྱི་འབྲེལ་བློན་ཆེན་ལོ་ཏི་ལི་ཀི་སི་ཡིས་ཚེས་ཉེར་གསུམ་ཉིན་བསྟན་དོན། ཨ་མེ་རི་ཁའི་ད་ལྟའི་སྲིད་གཞུང་གིས་ཁུ་པཱ་རྒྱལ་ཁབ་དེ་འཇིགས་སྐུལ་རིང་ལུགས་ལ་རྒྱབ་སྐྱོར་བྱེད་པའི་རྒྱལ་ཁབ་ཀྱི་མིང་ཐོའི་ནང་ནས་ལེན་རྩིས་མེད་པ་དང་། མིང་ཐོ་དེ་བེད་སྤྱད་ནས་ཁུ་པཱའི་དཔལ་འབྱོར་ལ་ཁྱད་གསོད་བྱེད་བཞིན་ཡོད་ཟེར།

ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་པུའུ་ལིན་ཁུན་གྱིས་ཉིན་དེར་ཨ་མེ་རི་ཁའི་རྒྱལ་ཚོགས་དམངས་གྲོས་ཁང་ཕྱི་ཕྱོགས་འབྲེལ་བའི་ཨུ་ཡོན་ལྷན་ཁང་གིས་བསྡུས་པའི་ཉན་ཞིབ་གྲོས་ཚོགས་སྟེང་བསྟན་དོན། ཨ་མེ་རི་ཁས་མིག་སྔར་ཁུ་པཱ་རྒྱལ་ཁབ་དེ་འཇིགས་སྐུལ་ལ་རྒྱབ་སྐྱོར་བྱེད་པའི་རྒྱལ་ཁབ་ཀྱི་མིང་ཐོའི་ནང་ནས་ལེན་རྩིས་མེད་ཟེར།

དོན་དེའི་ཐད་ནས་ལོ་ཏི་ལི་ཀི་སི་ཡིས་དྲ་ཚིགས་བརྒྱུད་ནས་བསྟན་དོན། ཨ་མེ་རི་ཁའི་ད་ལྟའི་སྲིད་གཞུང་གིས་སྔོན་ཆད་ཀྱི་ཐི་ལིང་ཕུའུ་སྲིད་གཞུང་གིས་ཁུ་པཱར་དམིགས་པའི་འདྲ་མཉམ་མིན་པའི་སྐྱོན་འཛུགས་དེ་རྩིས་མེད་དུ་གཏོང་རྩིས་མེད་ལ། རྒྱུ་མཚན་ནི་དེ་ཨ་མེ་རི་ཁས་ཁུ་པཱའི་དཔལ་འབྱོར་ལ་ཁྱད་གསོད་བྱེད་པའི་ནག་ཉེས་སྲིད་ཇུས་ལ་མི་ཕན་པས་རེད། དོན་དངོས་སུ་ཨ་མེ་རི་ཁས་འཇིགས་སྐུལ་རིང་ལུགས་ལ་རྒྱབ་སྐྱོར་བྱེད་པའི་རྒྱལ་ཁབ་ཀྱི་མིང་ཐོ་དེ་རང་གི་ཆབ་སྲིད་དང་དཔལ་འབྱོར་གྱི་འཇིགས་ཉེན་སྐུལ་བའི་ཡོ་བྱད་དུ་བྱས་པ་ཙམ་ལས། འགྲོ་མིའི་ཐོབ་ཐང་དང་འཇིགས་སྐུལ་རིང་ལུགས། དུག་རྫས་ཉོ་ཚོང་སོགས་དོན་དངོས་གནད་དོན་ཐག་གཅོད་བྱེད་པའི་ཆེད་དུ་མ་རེད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།