སེར་ཝེ་ཡཱ་ཡིས་ཚེས་ཉེར་བཞི་ཉིན་མཛད་སྒོ་སྤེལ་ནས། ལོ་ངོ་ཉེར་བཞིའི་ཡར་སྔོན་བྱང་ཆིངས་རྩ་འཛུགས་ཀྱིས་ནན་སི་ལཱ་ཧྥུའུ་མནའ་འབྲེལ་སྤྱི་མཐུན་རྒྱལ་ཁབ་ལ་འགས་གཏོར་གཏོང་སྐབས་ཀྱི་འདས་པོར་མྱ་ངན་ཞུས།
རྗེས་དྲན་མཛད་སྒོ་དེ་ཉིན་དེའི་དགོང་མོར་སེར་ཝེ་ཡཱའི་བྱང་ཕྱོགས་ཀྱི་གྲོང་ཁྱེར་སུང་པའོ་ཨར་ནས་སྤེལ། མང་ཚོགས་ཁྲི་སྟོང་མང་བོ་གྲོང་ཁྱེར་ལྟེ་གནས་སུ་འདུས་ནས་འདས་པོར་མྱ་ངན་ཞུས། སེར་ཝེ་ཡཱའི་ཙུང་ཐུང་ཝུའུ་ཆི་ཆི་དང་ཙུང་ལི་པུའུ་ཨར་ནཱ་པུས་ཆི་སོགས་སྲིད་གཞུང་གི་དཔོན་རིགས་དང་དེ་མིན་པའོ་ཧེའི་ཀྲུའུ་ཞི་ཚོགས་པའི་སེར་ཝེ་རིགས་ཀྱི་ཁོངས་མི་ཏའོ་ཏིས་ཁི་སོགས་མཛད་སྒོར་ཞུགས་པ་དང་། ལག་ཏུ་ཞག་སྒྲོན་བཟུང་ནས་འདས་པོར་མྱ་ངན་ཞུས།
ཝུའུ་ཆི་ཆི་ཡིས་མཛད་སྒོའི་སྟེང་ཞུ་ཚིག་ཕུལ་ཏེ། བྱང་ཆིངས་རྩ་འཛུགས་ཀྱིས་གཅིག་སྟོང་དགུ་བརྒྱ་གོ་དགུ་ལོར་ནན་སི་ལཱ་ཧྥུའུ་མནའ་འབྲེལ་ལ་འགས་གཏོར་བཏང་བ་ནི་རྒྱལ་སྤྱིའི་བཅའ་ཁྲིམས་ལ་གཏོར་བརླག་གཏོང་བའི་བྱ་སྤྱོད་ཅིག་ཡིན་པ་དང་། རིགས་རྒྱུད་ཚར་གཅོད་སྔོན་འགོག་བྱེད་པ་ནི་བྱང་ཆིངས་རྩ་འཛུགས་ཀྱིས་བཙན་འཛུལ་བྱེད་པའི་ཁ་གཡོར་ས་ཙམ་ཡིན་ལ། དེའི་ངོ་བོ་ནི་རྒྱལ་ཁབ་ཅིག་ཚར་གཅོད་བྱེད་འདོད་པ་རེད་ཟེར།
མཛད་སྒོའི་ཡུལ་དངོས་སུ། གཙོ་སྒྲུབ་ཕྱོགས་ཀྱིས་མཁའ་སྲུང་ཉེན་བརྡ་བཏང་བ་དང་། གར་སྟེགས་ཟློས་གར་འཁྲབ་སྟོན་དང་གློག་བརྙན་གཏོང་བ་སོགས་ཀྱི་ཐབས་ལ་བརྟེན་ནས་ལོ་ངོ་ཉེར་བཞིའི་ཡར་སྔོན་བྱང་ཆིངས་རྩ་འཛུགས་ཀྱིས་བར་སྣང་འཇབ་རྒོལ་བྱེད་པའི་རྣམ་པ་ཡང་བསྐྱར་མངོན་པར་བྱས། སྔོན་ཆད་འགས་གཏོར་ཁྲོད་གཉེན་ཉེ་ཤོར་བའི་མང་ཚོགས་མི་ཉུང་བ་ཞིག་གིས་ངུ་འབོད་བྱེད་བཞིན་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།