མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་སྐབས་ང་གཉིས་པའི་གྲོས་ཚོགས་ཀྱི་བརྗོད་དོན་གྲོས་ཚོགས་ཏེ། དུས་རབས་གསར་པའི་གྲངས་ཉུང་མི་རིགས་ཀྱི་ཁེ་དབང་འགན་སྲུང་ཞེས་པ་ཚེས་ཉེར་བཞི་ཉིན་རི་ནེ་ཝ་ཡི་ཝན་གོ་ཕོ་བྲང་ནས་བསྡུས། གྲོས་ཚོགས་ལ་ཀྲུང་གོའི་གྲངས་ཉུང་མི་རིགས་ཕྱི་ཕྱོགས་འབྲེལ་འདྲིས་མཐུན་ཚོགས་ཀྱིས་གཙོ་སྒྲུབ་བྱས་པ་དང་། ལས་ཁུངས་མང་བོ་ནས་ཡོང་བའི་ཀྲུང་ཕྱིའི་ཆེད་མཁས་པ་དག་གིས་དྲ་ཐོག་དང་ཡུལ་དངོས་ཟུང་དུ་འབྲེལ་བའི་ཐབས་ཀྱིས་བརྗོད་དོན་ལ་དམིགས་ནས་གྲོས་བསྡུར་བྱས།
རི་ནེ་ཝའི་རྨི་ལམ་མངོན་འགྱུར་ཐེབས་རྩ་ཚོགས་པའི་ཀྲུའུ་ཞི་སི་ཐུའུ་པའོ་ཡིས་བཤད་རྒྱུར། ཁོས་ཀྲུང་གོའི་མི་རིགས་སོ་སོ་མཉམ་སྡོད་དང་མཉམ་དུ་སློབ་སྦྱོང་། མཉམ་དུ་བྱ་བ་བྱེད་ལ། མཉམ་དུ་རོལ་རྩེད་བྱེད་པའི་རྣམ་པ་དངོས་སུ་མཐོང་མྱོང་། འདྲ་མཉམ་དང་མཐུན་སྒྲིལ། རོགས་རེས། འཆམ་མཐུན་བཅས་ཀྱི་མི་རིགས་འབྲེལ་བས་ཁོར་བག་ཆགས་ཟབ་མོ་བཞག་ཡོད། འགྲོ་མིའི་ཐོབ་ཐང་གི་སྲུང་སྐྱོབ་དང་འཕེལ་རྒྱས་ལ་རྣམ་པ་མི་འདྲ་བ་མང་བོ་ཡོད་པས། དེ་ཚང་མར་བརྩི་འཇོག་བྱེད་དགོས་ཟེར།
ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་ཕ་ཡུལ་ཨ་མེ་རི་ཁ་ཡིན་པའི་ཆེད་མཁས་པ་མཱ་ཁི་ལི་ཝུན་གྱིས་བཤད་རྒྱུར། ཀྲུང་གོའི་མི་རིགས་སོ་སོ་སེ་འབྲུ་ལྟར་དུ་མཐུན་སྒྲིལ་དམ་པོ་བྱས་ཡོད། ཁོའི་མི་རིགས་སོ་སོའི་སློབ་མ་རྣམས་ཀྱིས་རང་ཉིད་ཀྲུང་གོ་བ་ཡིན་པ་ང་རྒྱལ་དུ་རློམ་ཡོད་ལ། རྒྱལ་ཁབ་ཀྱིས་ཁོ་ཚོར་ཕུན་སུམ་ཚོགས་པའི་སློབ་སྦྱོང་གོ་སྐབས་འདོན་སྤྲོད་བྱས་ཡོད་ཟེར།
ཝེ་ཝུའུ་ཨར་རིགས་ཀྱི་མཁས་པ་ཙུའུ་ནོང་ནཱ་སི་ཨར་ཏེན་གྱིས་ཀྲུང་གོས་གྲངས་ཉུང་མི་རིགས་ཀྱིས་སློབ་གསོ་མྱོང་བར་འགན་སྲུང་གང་ལེགས་བྱས་པའི་གནས་ཚུལ་མཚམས་སྦྱོར་བྱས། ཁོས་རང་ཉིད་ཀྱིས་ཆུང་དུས་ནས་ཝེ་ཝུའུ་ཨར་སྐད་ཀྱི་སློབ་གསོ་མྱངས་པ་དང་། ཝེ་ཝུའུ་ཨར་སྐད་ཡིག་བཀོལ་ནས་མཐོ་རྒྱུགས་ལ་ཞུགས་པ་ཡིན་ལ། ཝེ་ཝུའུ་ཨར་གྱི་སྐད་བརྡ་རིག་པའི་ཆེད་ལས་ཀྱི་འབུམ་རམས་པའི་སློབ་སྦྱོང་ཡོངས་འགྲུབ་བྱས་པ་དང་། གྲངས་ཉུང་མི་རིགས་སྐད་ཡིག་གི་སློབ་ཁྲིད་དང་ཚན་རིག་ཞིབ་འཇུག་བྱ་བ་གཉེར་བར་མ་ཟད། དུས་བཅད་ལྟར་རྒྱལ་ཁབ་ཀྱིས་སྤེལ་བའི་གྲངས་ཉུང་མི་རིགས་སྐད་བརྡ་དང་རིག་གནས་སྲུང་སྐྱོབ་བྱ་བར་ཞུགས་པའི་གནས་ཚུལ་མཉམ་སྤྱོད་བྱས།
ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྐྱོབ་དང་འཕེལ་རྒྱས་མཐུན་ཚོགས་ཀྱི་ལས་འཛིན་ལིས་ཞི་ཡིས་ཀྲུང་གོས་བཅའ་སྡོད་ལམ་ལུགས་ཀྱི་སློབ་གསོ་འཕེལ་རྒྱས་སུ་བཏང་བ་དང་། མཐའ་འཁོབ་ས་ཁུལ་གྱི་རོང་འབྲོག་མང་ཚོགས་ཀྱི་བུ་དང་བུ་མོས་སློབ་གསོ་མྱོང་བའི་དབང་ཆར་འགན་སྲུང་བྱས་པའི་གནས་ཚུལ་མཚམས་སྦྱོར་བྱས། ཁོས་བསྟན་དོན། བཅའ་སྡོད་ལམ་ལུགས་ཀྱི་སློབ་གྲྭའི་སློབ་གསོ་ནི་ད་ལྟའི་དུས་རིམ་ནང་རོང་འབྲོག་ས་ཁུལ་གྱི་སློབ་གསོའི་གནད་དོན་ཐག་གཅོད་བྱེད་པར་ཅུང་ཕན་ནུས་ལྡན་པའི་བྱེད་ཐབས་ཤིག་ཡིན་པ་དང་། བོད་ལྗོངས་དང་བཅས་པའི་ས་ཁུལ་མང་བོར་བདེ་བླག་ངང་ལག་བསྟར་བྱས་ཡོད། བཅའ་སྡོད་ལམ་ལུགས་ཀྱི་སློབ་གསོ་དེ་སློབ་མ་དང་ཁྱིམ་བདག་གི་དགོས་མཁོ་གཞིར་བཟུང་ནས་བཀོད་སྒྲིག་བྱས་པ་དང་། ཁྱིམ་ཚང་སློབ་གསོའི་ནང་ཞུགས་པར་མཐོང་ཆེན་བྱེད་བཞིན་ཡོད་ལ། ཕན་ནུས་ལྡན་པའི་སྒོ་ནས་བོད་ལྗོངས་ཀྱི་སློབ་གསོའི་དོ་མཉམ་ཅན་གྱི་ཁྱབ་གདལ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད་ཟེར།
ཀྲོང་རིགས་ཡིན་པའི་ཡུག་ཁྲི་ཁེ་ལས་པའི་ཕ་ཡུལ་སྡེ་བའི་འཕེལ་རྒྱས་ཐེབས་རྩའི་དྲུང་ཡིག་ཆེན་མོ་ལིན་ཧོས་ཀྱིས་གྲངས་ཉུང་མི་རིགས་ས་ཁུལ་དུ་གྲངས་ཉུང་མི་རིགས་བུད་མེད་ཀྱི་གཟུགས་འདས་ཤུལ་བཞག་རྒྱུན་འཛིན་པའི་གསོ་སྦྱོང་ལས་གཞི་སྤེལ་བའི་གནས་ཚུལ་མཉམ་སྤྱོད་བྱས། ལས་གཞི་དེའི་རྒྱབ་སྐྱོར་འོག ས་དེའི་གྲངས་ཉུང་མི་རིགས་ཀྱི་བུད་མེད་མང་བོ་རང་ཉིད་དབུལ་ཕོངས་ལས་ཐར་ནས་འབྱོར་ཕྱུག་ཏུ་གྱུར་བར་མ་ཟད། ཕ་ཡུལ་གྱི་ཐུན་མོང་འཕེལ་རྒྱས་མངོན་འགྱུར་བྱེད་པར་སྐུལ་ཁྲིད་ཀྱི་ནུས་པ་ཐོན་ཡོད་ཟེར།
ཀྲུང་གོའི་གྲངས་ཉུང་མི་རིགས་ཕྱི་ཕྱོགས་བརྗེ་རེས་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ལིས་ཧོན་ཚེ་ཡིས་བསྟན་དོན། ཀྲུང་གོས་གྲངས་ཉུང་མི་རིགས་ཀྱི་ཁེ་དབང་ལ་འགན་སྲུང་བྱེད་པའི་གཞུང་ལུགས་གསར་གཏོད་དང་ལག་ལེན་ཁྲོད་དུ། མི་དམངས་བླ་རུ་བཀུར་བ་དང་། རང་རྟོན་ཡིད་ཆེས། བདེན་སྲུང་གསར་གཏོད། གནད་དོན་འཕེལ་ཕྱོགས། མ་ལག་འདུ་ཤེས། གཞན་དོན་སེམས་ཁུར་བཅས་རྒྱུན་འཁྱོངས་བྱས། ཡིན་ཡང་རྒྱལ་ཁབ་དང་རྩ་འཛུགས་རེ་འགས་ཀྲུང་གོའི་མི་རིགས་གླེང་གཞིར་འུར་སྒྲོག་བྱས་ནས། རྣར་མི་སྙན་པའི་འཆལ་གཏམ་སྣ་ཚོགས་སྒྲོག་བཞིན་ཡོད་ལ། དེའི་རེ་འདུན་ངོ་མ་ནི་བསམ་བཞིན་དུ་ཀྲུང་གོའི་འཕེལ་རྒྱས་སྐྱོན་ཅན་དུ་བརྗོད་འདོད་པ་རེད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་ཁེ་དབང་ལ་འགན་སྲུང་བྱེད་པའི་འབྲེལ་ཡོད་འདུ་ཤེས་དང་ལག་ལེན་ཐད་ཀྱི་རྒྱུས་ལོན་ཇེ་ཟབ་ཏུ་བཏང་ནས། ཀྲུང་གོའི་བློ་གྲོས་དང་ཉམས་མྱོང་མཉམ་སྤྱོད་བྱེད་དགོས་པའི་རེ་བ་བཏོན།
ཀྲུང་གོའི་གྲངས་ཉུང་མི་རིགས་ཕྱི་ཕྱོགས་བརྗེ་རེས་མཐུན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་གཞོན་པ་ཆིག་ཕིན་དང་སོག་རིགས་ཡིན་པའི་ལས་འཛིན་པ་ཁྲིན་ཅིག་དབྱང་གིས་སོ་སོར་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་གྲངས་ཉུང་མི་རིགས་ཀྱི་ཁེ་དབང་འགན་སྲུང་ལ་སྐུལ་འདེད་གཏོང་བ་དང་། ཁྲིམས་ལྟར་གྲངས་ཉུང་མི་རིགས་ཀྱི་ཁེ་དབང་ལ་འགན་སྲུང་བྱེད་པའི་ཐད་ནས་གཏམ་བཤད་སྤེལ། ཁོ་ཚོས་བསྟན་དོན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་ཕྱོགས་ཡོངས་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་སྐུལ་འདེད་བཏང་བ་དང་། ཀྲུང་གོའི་རིགས་སོ་སོའི་མི་དམངས་ཀྱི་ཐུན་མོང་གི་ཕུགས་འདུན་དང་དམིགས་འབེན་ཡིན་ལ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་མི་རིགས་འདྲ་མཉམ་དང་མི་རིགས་མཐུན་སྒྲིལ། མི་རིགས་སོ་སོའི་ཐུན་མོང་དར་རྒྱས་དང་འཕེལ་རྒྱས། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འཛུགས་སྐྲུན་བཅས་ལ་སྐུལ་འདེད་གཏོང་ཐུབ་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།