ཞིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཟླ་གསུམ་པའི་ཚེས་ཉེར་བཞི་ཉིན་གྱི་དགོང་མོ། ཨ་མེ་རི་ཁའི་ལྷོ་རྒྱུད་ཀྱི་མིས་ཞི་ཞི་པུས་མངའ་སྡེ་རུ་རླུང་འཚུབ་དྲག་པོ་གཡུགས་ནས། ཚེས་ཉེར་ལྔ་ཉིན་གྱི་སྔ་དྲོའི་བར་དུ། ཉུང་མཐར་ཡང་མི་ཉེར་གསུམ་རྐྱེན་ལམ་དུ་ཤོར་བ་གཏན་འཁེལ་བྱས།
མིས་ཞི་ཞི་པུས་མངའ་སྡེ་ཡི་འཕྲལ་བསྟུན་ལས་དོན་དོ་དམ་སྡེ་ཁག་གིས་ཚེས་ཉེར་ལྔ་ཉིན་གྱི་སྔ་དྲོར་བསྒྲགས་པ་ལྟར་ན། མི་ཉེར་གསུམ་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་བཅུ་ལྷག་ལ་རྨས་སྐྱོན་བཟོས་ཡོད་ཅིང་། མི་བཞི་གར་སོང་ཆ་མེད་དུ་གྱུར་ཡོད་པར་མ་ཟད། ཤི་རྨས་བྱུང་བའི་ཁ་གྲངས་ད་དུང་མང་དུ་འཕེལ་ངེས་ཡིན་ཞེས་བསྒྲགས་འདུག
ཚེས་ཉེར་ལྔ་ཉིན་གྱི་དགོང་མོར། རླུང་འཚུབ་དྲག་པོས་མིས་ཞི་ཞི་པུས་མངའ་སྡེ་ལ་གནོད་སྐྱོན་ཐེབས་པ་དང་། རླུང་འཚུབ་གཡུགས་སའི་ས་ཁོངས་ཀྱི་ཁང་པ་མང་པོ་དང་རྨང་གཞིའི་སྒྲིག་ཆས་ལ་གཏོར་བརླག་ཚབས་ཆེན་བཟོས་ཡོད་ཅིང་། རླུང་འཚུབ་ཀྱི་དབང་གིས་མིས་ཞི་ཞི་པུས་མངའ་སྡེ་དང་དེའི་ཉེ་འཁོར་གྱི་སྡོད་ཁང་དང་ཚོང་ཁང་ཁྲི་ལྷག་ལ་གློག་ཆད།
མིས་ཞི་ཞི་པུས་མངའ་སྡེ་ཡི་དཔོན་པོ་ཐའེ་ཐེ·ལིས་ཧྥུའུ་ཟི་ཡིས་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་སྟེང་རྩོམ་ཡིག་སྤེལ་ནས། འཚོལ་སྐྱོབ་ལས་དོན་དངོས་སུ་སྤེལ་བཞིན་ཡོད་པར་མ་ཟད། མངའ་སྡེ་འདིས་གནོད་ཐེབས་ས་ཁུལ་ལ་སྨན་བཅོས་དང་འཕྲལ་བསྟུན་དངོས་ཟོག་གང་མང་སྐྱེལ་འདྲེན་བྱེད་བཞིན་ཡོད་ཅེས་བཤད།
བན་དེ་སྐྱབས་ཀྱིས་བསྒྱུར།