ནི་ཀྲེ་རི་ཡའི་བྱང་ཤར་རྒྱུད་དུ་རླངས་འཁོར་ལོག་པའི་དོན་རྐྱེན་ཚབས་ཆེན་བྱུང་ནས་མི་ཉེར་ལྔ་རྐྱེན་ལམ་དུ་ཤོར།
2023.03.26 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 21

ཟླ་གསུམ་པའི་ཚེས་ཉེར་བཞི་ཉིན། ནི་ཀྲེ་རི་ཡའི་གཞུང་ལམ་དོ་དམ་སྡེ་ཁག་གིས་བཤད་པ་ལྟར་ན། ཚེས་ཉེར་གསུམ་ཉིན་འགྲུལ་སྐྱེལ་རླངས་འཁོར་ཞིག་ནི་ཀྲེ་རི་ཡའི་བྱང་ཤར་རྒྱུད་ཀྱི་པའོ་ཆིས་མངའ་སྡེ་རུ་རླངས་འཁོར་ལོག་པའི་དོན་རྐྱེན་བྱུང་ནས། རླངས་འཁོར་ནང་གི་མི་ཉེར་ལྔ་རྐྱེན་ལམ་དུ་ཤོར་བ་དང་། རྨས་མ་བཅུ་སྨན་ཁང་དུ་བསྐྱལ་ནས་སྨན་བཅོས་བྱེད་ཀྱིན་ཡོད་ཟེར།

ནི་ཀྲེ་རི་ཡའི་གཞུང་ལམ་དོ་དམ་སྡེ་ཁག་གིས་བཤད་པ་ལྟར་ན། འགྲུལ་སྐྱེལ་རླངས་འཁོར་ནང་དུ་ཁ་ལོ་བ་ཚུད་པའི་ཁྱོན་བསྡོམས་མི་སོ་ལྔ་ཡོད་ཅིང་།  རླངས་འཁོར་འགྲོ་བཞིན་པའི་སྐབས་སུ་གློ་བུར་དུ་འཁོར་ལོ་ཞིག་སར་ལྷུང་བའི་དབང་གིས། རླངས་འཁོར་ཚོད་འཛིན་མ་ཐུབ་པར་རྐྱེན་བྱས་ཏེ་དོན་རྐྱེན་ཚབས་ཆེན་འདི་བཟོས་པ་ཡིན་ལ། རླངས་འཁོར་ནང་གི་མི་ཉེར་ལྔ་དོན་རྐྱེན་བྱུང་ས་ནས་རྐྱེན་ལམ་དུ་ཤོར་བ་དང་། རྨས་མ་བཅུ་སྨན་ཁང་དུ་སྨན་བཅོས་བྱེད་པར་བསྐྱལ་ཡོད་ཟེར།

བན་དེ་སྐྱབས་ཀྱིས་བསྒྱུར།