ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་གཞོན་པ་ལི་ཡཱ་པུའུ་ཁི་ཧྥུའུ་ཡིས་ཟླ་གསུམ་པའི་ཚེས་སུམ་ཅུ་ཉིན་གསར་འགྱུར་ལས་རིགས་ལ་བསྟན་དོན། ཨུ་རུ་སིའི་ཕྱོགས་ཀྱིས་འཐབ་ཇུས་མཚོན་ཆ་ཇེ་ཉུང་དུ་གཏོང་བའི་ཆིངས་ཡིག་གསར་བ་ལག་བསྟར་བྱེད་མཚམས་བཞག་རྗེས། ཆིངས་ཡིག་དེའི་སྒྲོམ་གཞིའི་འོག་ཨ་མེ་རི་ཁའི་བར་གྱི་རིགས་སྣ་ཚོགས་ཀྱི་བརྡ་འཕྲིན་བརྗེ་རེས་དང་ཞིབ་བཤེར་བྱ་འགུལ་མཚམས་ཆད་ཡོད་ཀྱང་། ཨུ་རུ་སིའི་ཕྱོགས་ཀྱིས་སྔར་བཞིན་རང་མོས་ཀྱི་རྨང་གཞིའི་སྟེང་མུ་མཐུད་དུ་ཨ་མེ་རི་ཁར་འཕུར་མདའི་གཏོང་འཕེན་གནས་ཚུལ་སྙན་ཞུ་བྱེད་བཞིན་ཡོད་པ་རེད། ཝུའུ་ཁི་ལན་གྱི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། དབྱིན་ཇི་དང་འཇར་མན། ཕུའུ་ཐའོ་ཡཱ་སོགས་རྒྱལ་ཁབ་ཀྱིས་ཝུའུ་ཁི་ལན་ལ་རོགས་སྐྱོར་བྱས་པའི་གཙོ་འཐབ་ཐན་ཁི་འཁོར་ལོ་དག་ཉེ་སྔོན་གཅིག་རྗེས་གཉིས་མཐུད་དུ་ཝུའུ་ཁི་ལན་དུ་འབྱོར་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།