ཨུ་རུ་སི་དཀར་པོའི་ཙུང་ཐུང་གིས་རྒྱལ་ཁབ་ཀྱི་གནས་ཚུལ་སྙན་ཞུ་བྱེད་སྐབས་རྒྱལ་ཁབ་ཀྱི་བདག་དབང་དང་སྒེར་ཚུགས་ལ་སྲུང་སྐྱོབ་བྱེད་རྒྱུ་ནན་བཤད་བྱས།
2023.04.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 33

ཨུ་རུ་སི་དཀར་པོའི་ཙུང་ཐུང་ལུའུ་ཁཱ་ཧྲིན་ཁི་ཡིས་ཟླ་གསུམ་པའི་ཚེས་སོ་གཅིག་ཉིན་རྒྱལ་ས་མེན་སི་ཁི་ནས་རྒྱལ་ཁབ་ཀྱི་གནས་ཚུལ་སྙན་ཞུ་བྱེད་སྐབས་ནན་གྱིས་བསྟན་དོན། ཨུ་རུ་སི་དཀར་པོར་མཚོན་ན། རྒྱལ་ཁབ་ཀྱི་བདག་དབང་དང་སྒེར་ཚུགས་ལ་སྲུང་སྐྱོབ་བྱེད་པའི་གནད་དོན་དེ་ད་ལྟའི་འདི་ལྟར་འབུར་ཐོན་དུ་མངོན་མྱོང་མེད་ཟེར།

ལུའུ་ཁཱ་ཧྲིན་ཁི་ཡིས་བསྟན་དོན། ཨུ་རུ་སི་དཀར་པོ་ནི་ཞི་བདེའི་རྒྱལ་ཁབ་ཅིག་ཡིན་པ་དང་། རྒྱལ་ཁབ་གང་རུང་བར་འཐབ་འཁྲུག་འབྱུང་འདོད་མེད། ཁོས་བཤད་རྒྱུར། བྱང་ཆིངས་རྩ་འཛུགས་ཀྱི་དམག་དཔུང་ཤར་དུ་སྤོ་བའི་གོམ་སྟབས་ཇེ་མགྱོགས་སུ་འགྲོ་བཞིན་ཡོད་པ་དང་། ཨུ་རུ་སི་དང་ཨུ་རུ་སི་དཀར་པོའི་མཐའ་མཚམས་ས་ཁུལ་དུ་དཀྲུག་འཕེན་རང་བཞིན་གྱི་དམག་དོན་སྦྱོང་བརྡར་སྤེལ་བཞིན་ཡོད། ཨ་རུ་སི་དཀར་པོས་རང་གི་དམག་དཔུང་ལ་དྲག་ཆས་སྤྲས་བཞིན་ཡོད་ལ། རང་གི་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་ཡོང་བར་གནོད་སྐྱེལ་བའི་བྱ་སྤྱོད་གང་ཡིན་ཡང་རྒོལ་ལན་སྤྲོད་ངེས་ཡིན་ཟེར།

ལུའུ་ཁཱ་ཧྲིན་ཁི་ཡིས་ད་རུང་ཨུ་རུ་སི་དཀར་པོའི་སྨྱན་བྱད་ཀྱི་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་དགོས་པའི་རེ་བ་བཏོན། རྒྱུ་མཚན་ནི་ཨུ་རུ་སི་དཀར་པོ་ནུབ་ཕྱོགས་རྒྱལ་ཁབ་ཀྱི་བརྡ་འཕྲིན་འཐབ་འཛིང་ལ་འཕྲད་ཡོད་པས་ཡིན་ཟེར།

ནུབ་ཕྱོགས་རྒྱལ་ཁབ་དག་གིས་ཨུ་རུ་སི་དཀར་པོར་ལག་བསྟར་བྱས་པའི་བཀག་སྡོམ་གླེང་སྐབས། ལུའུ་ཁཱ་ཧྲིན་ཁི་ཡིས་བཤད་རྒྱུར། ཨུ་རུ་སི་དཀར་པོའི་དཔལ་འབྱོར་ནི་ནུབ་ཕྱོགས་རྒྱལ་ཁབ་དག་གིས་བཀག་སྡོམ་བྱེད་སའི་དམིགས་འབེན་གཙོ་བོ་རེད་ཟེར། ཁོས་རྒྱལ་ཁབ་ཀྱི་རྨང་གཞིའི་སྒྲིག་ཆས་དང་དངོས་སྐྱེལ། ཞིང་ལས། ཚན་རིག་ཁྱབ་ཁོངས་ཀྱི་འཛུགས་སྐྲུན་བཅས་ལ་ཤུགས་སྣོན་བྱས་ནས། ནང་འདྲེན་ཚབ་བྱེད་ལ་སྐུལ་འདེད་གཏོང་དགོས་པའི་རེ་བ་བཏོན་པར་མ་ཟད། ཨུ་རུ་སི་དང་ཀྲུང་གོ་སོགས་རྒྱལ་ཁབ་བར་གྱི་མཉམ་ལས་ཇེ་ཟབ་ཏུ་གཏོང་དགོས་ཟེར།

ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་གླེང་སྐབས་ལུའུ་ཁཱ་ཧྲིན་ཁི་ཡིས་བསྟན་དོན། འཁྲུག་རྩོད་དེས་ཕྱོགས་སོ་སོར་གྱོང་གུད་ཆེན་པོ་བཟོས་ཡོད་པ་དང་། ཁོས་འཁྲུག་རྩོད་ཕྱོགས་ཁག་གཉིས་ཀྱིས་གྲོས་མོལ་ལ་བརྟེན་ནས་གནད་དོན་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་།


བསོད་ནམས་ཚེ་རིང་གིས་བསྒྱུར།