ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཟླ་གསུམ་པའི་ཚེས་སུམ་ཅུ་ཉིན་བཤད་རྒྱུར། ཨུ་རུ་སིའི་དམག་དཔུང་གིས་ཁུའུ་ཕིས་དབྱང་སི་ཁི་དང་ཧོང་ལེ་མན་སོགས་ས་ཁུལ་ནས་ཝུའུ་ཁི་ལན་གྱི་དམག་དོན་མི་སྣ་དང་དྲག་ཆས་སྒྲིག་ཆས་ལ་ཆམ་ཕབ་བཏང་། ཝུའུ་ཁི་ལན་དམག་ཕྱོགས་ཀྱིས་བསྒྲགས་པ་ལྟར་ན། ཝུའུ་ཁི་ལན་གྱི་དམག་དཔུང་གིས་པཱ་ཧི་མུའུ་ཐི་སོགས་ས་ཁུལ་ནས་ཨུ་རུ་སིའི་དམག་དཔུང་གི་དཔུང་འཇུག་མཐར་སྐྲོད་བཏང་ཡོད་པར་མ་ཟད། ཨུ་རུ་སིའི་ཕྱོགས་ཀྱི་དམག་ཆས་མཛོད་ཁང་སོགས་དམིགས་འབེན་ལ་ཆམ་ཕབ་བཏང་ཡོད་ཟེར།
ཟླ་འདིའི་ཚེས་ཉི་ཤུ་ཉིན་གྱི་ཚུན་ལ། བྱང་ཆིངས་རྩ་འཛུགས་ཀྱིས་རོ་མཱ་ནི་ཡཱ་དང་ལཱ་ཐའོ་ཝེ་ཡཱ་སོགས་ས་ཁུལ་ནས་མཉམ་འབྲེལ་དམག་དོན་སྦྱོང་བརྡར་སྤེལ། ཨུ་རུ་སིའི་འཐབ་ཇུས་འཕུར་མདའི་དམག་དཔུང་གིས་ཚེས་ཉེར་དགུ་ཉིན་ནས་བཟུང་ཡཱ་ཨར་སི་འཕུར་མདའི་མ་ལག་གི་གཙོ་འཛིན་དམག་སྤྱི་པུའུ་ནས་དམག་དོན་སྦྱོང་བརྡར་སྤེལ་མགོ་བརྩམས།
ཝུའུ་ཁི་ལན་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། དབྱིན་ཇི་དང་འཇར་མན། ཕུའུ་ཐའོ་ཡཱ་སོགས་རྒྱལ་ཁབ་ཀྱིས་འདོན་སྤྲོད་བྱས་པའི་ཐན་ཁི་འཁོར་ལོ་ཉེ་སྔོན་བསྟུད་མར་ཝུའུ་ཁི་ལན་དུ་འབྱོང་ཡོད་ཟེར། ཨ་མེ་རི་ཁའི་ཟུར་ལྔའི་ཐོག་ཁང་ཆེན་མོའི་མགྲིན་ཚབ་པ་ཕཱ་ཐི་ལི་ཁི་ལའེ་ཏི་ཡིས་ཚེས་སུམ་ཅུ་ཉིན་བཤད་རྒྱུར། ཨ་མེ་རི་ཁས་ཝུའུ་ཁི་ལན་གྱི་དམག་དོན་མི་སྣ་རེ་ལྔའི་རྒྱལ་གཅེས་མཁན་གྱི་མཁའ་སྲུང་འཕུར་མདའི་མ་ལག་གི་གསོ་སྦྱོང་མཇུག་སྒྲིལ་ཡོད་ཟེར།
ཡོ་རོབ་གླིང་གི་མི་སྣས་བསྟན་དོན། ཨ་མེ་རི་ཁ་སོགས་ནུབ་ཕྱོགས་ཀྱི་བྱ་སྤྱོད་ལས་ཞི་བའི་ཐབས་ནས་འཁྲུག་རྩོད་ཐག་གཅོད་བྱེད་འདོད་མེད་པ་གསལ་བོར་མཚོན་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།