ཐུར་ཁེའི་གྲོས་ཁང་གིས་ཧྥུན་ལན་བྱང་ཆིངས་རྩ་འཛུགས་སུ་ཞུགས་པར་ཆོག་མཆན་བཀོད།
2023.04.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 15

ཐུར་ཁེའི་རྒྱལ་དམངས་གྲོས་ཁང་ནས་ཟླ་གསུམ་པའི་ཚེས་སུམ་ཅུ་ཉིན་འདེམ་ཤོག་ཉིས་བརྒྱ་དང་དོན་དྲུག་ཡིད་འཐད་བྱུང་བ་དང་ངོ་རྒོལ་བྱེད་མཁན་གཅིག་ཀྱང་མེད་པའི་མཇུག་འབྲས་ཀྱིས་ཧྥུན་ལན་བྱང་ཆིངས་རྩ་འཛུགས་སུ་ཞུགས་པའི་རེ་ཞུར་ཆོག་མཆན་བཀོད། དེའི་བར་བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་སུམ་ཅུའི་གྲོས་ཁང་ཚང་མས་ཧྥུན་ལན་བྱང་ཆིངས་རྩ་འཛུགས་སུ་ཞུགས་པར་ཆོག་མཆན་བཀོད་པ་རེད།

དེའི་རྗེས་སུ། ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་གྱིས་མིང་བཀོད་ནས་ཧྥུན་ལན་བྱང་ཆིངས་རྩ་འཛུགས་སུ་ཞུགས་པར་དངོས་སུ་ཡིད་འཐད་བྱུང་།

ཟླ་འདིའི་ནང་། ཨེ་ཨར་ཏའོ་ཨན་གྱིས་ཨན་ཁཱ་ལཱ་ནས་འཚམས་འདྲིར་ཡོང་བའི་ཧྥུན་ལན་གྱི་ཙུང་ཐུང་ནེ་ནེ་སི་ཐའོ་དང་གྲོས་མོལ་བྱས་རྗེས་བསྟན་དོན། ཧྥུན་ལན་གྱིས་ཐུར་ཁེ་ཡིས་རང་སྟེང་གི་བདེ་འཇགས་སེམས་ཁུར་ཐད་བཏོན་པའི་རེ་བ་བསྐང་ཡོད་པས། ཐུར་ཁེ་ཡིས་ཧྥུན་ལན་བྱང་ཆིངས་རྩ་འཛུགས་སུ་ཞུགས་པའི་འབྲེལ་ཡོད་ལས་རིམ་ལ་སྐུལ་འདེད་གཏོང་རྒྱུ་ཐག་བཅད་ཡོད་ཟེར།

ཨེ་ཨར་ཏའོ་ཨན་གྱིས་ད་རུང་བསྟན་དོན། ཁོས་སུའེ་ཏེན་གྱིས་ཐུར་ཁེ་ལ་འཇིགས་སྐུལ་ཉེས་ཅན་བརྒྱ་དང་ཉི་ཤུ་སྤྲོད་རྒྱུའི་རེ་བ་བཏོན་ཡོད་ཀྱང་། སུའེ་ཏེན་གྱིས་ད་ལྟའི་བར་དོན་དེ་འགྲུབ་མེད། དེ་ནི་ཐུར་ཁེ་ཡིས་སུའེ་ཏེན་བྱང་ཆིངས་རྩ་འཛུགས་སུ་ཞུགས་པར་ཆོག་མཆན་འགོད་ཐབས་མེད་པའི་རྒྱུ་རྐྱེན་ཡིན་ཟེར།

སུའེ་ཏེན་དང་ཧྥུན་ལན་གྱིས་ཉིས་སྟོང་གཉིས་ལོའི་ཟླ་ལྔ་བར་བྱང་ཆིངས་རྩ་འཛུགས་སུ་ཞུགས་པའི་རེ་བ་བཏོན། ལོ་དེའི་ཟླ་བདུན་པར་བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་སུམ་ཅུའི་འཐུས་མིས་ཧྥུན་ལན་དང་སུའེ་ཏེན་བྱང་ཆིངས་རྩ་འཛུགས་སུ་ཞུགས་པའི་ཆིངས་ཡིག་གི་གྲོས་ཆོད་ཡི་གེ་བཀོད། ལས་རིམ་ལྟར་ན། བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་སུམ་ཅུ་བོ་གཅིག་གྱུར་ཡིད་འཐད་བྱུང་བའི་སྔོན་འགྲོའི་ཆ་རྐྱེན་འོག་ད་གཟོད་ཁོངས་གཏོགས་རྒྱལ་ཁབ་གསར་བ་བསྡུ་ལེན་བྱས་ཆོག་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།