ཟླ་གསུམ་པའི་ཚེས་སོ་གཅིག་ཉིན་པར་བླངས་པའི་པའོ་ཨོ་ཨེ་ཤ་ཡཱ་གླེང་སྟེགས་ཀྱི་ཉིས་སྟོང་ཉེར་གསུམ་ལོའི་ལོ་ཚོགས་གྲོལ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་ཡུལ་དངོས་རྣམ་པ་རེད།
ཟླ་གསུམ་པའི་ཚེས་སོ་གཅིག་ཉིན། པའོ་ཨོ་ཨེ་ཤ་ཡཱ་གླེང་སྟེགས་ཀྱི་དྲུང་ཡིག་ཆེན་མོ་ལིས་པའོ་ཏུང་གིས་ལོ་ཚོགས་གྲོལ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་གཏམ་བཤད་སྤེལ།
ཟླ་གསུམ་པའི་ཚེས་སོ་གཅིག་ཉིན་པར་བླངས་པའི་པའོ་ཨོ་ཨེ་ཤ་ཡཱ་གླེང་སྟེགས་ཀྱི་ཉིས་སྟོང་ཉེར་གསུམ་ལོའི་ལོ་ཚོགས་གྲོལ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་ཡུལ་དངོས་རྣམ་པ་རེད།
ཚོགས་ཡུན་ཉིན་བཞི་ཡིན་པའི་པའོ་ཨོ་ཨེ་ཤ་ཡཱའི་གླེང་སྟེགས་ཀྱི་ཉིས་སྟོང་ཉེར་གསུམ་ལོའི་ལོ་ཚོགས་ཟླ་གསུམ་པའི་ཚེས་སོ་གཅིག་ཉིན་གྱི་ཕྱི་དྲོར་ཧེ་ནན་པའོ་ཨོ་ནས་གྲོལ། རྒྱལ་ཁབ་དང་ས་ཁུལ་ལྔ་བཅུ་ལྷག་ནས་ཡོང་བའི་སྐུ་མགྲོན་སྟོང་གཉིས་ཙམ་གྲོས་ཚོགས་ལ་ཞུགས་ཏེ། ཨེ་ཤ་ཡཱ་དང་འཛམ་གླིང་ཡོངས་ཀྱི་གནས་བབ་ལ་དབྱེ་ཞིབ་བྱས་པ་དང་། མཉམ་ལས་འཕེལ་རྒྱས་ཀྱི་ཐུན་མོང་ལྟ་ཚུལ་གཅིག་བསྡུས་བྱས།
ད་ལོའི་ལོ་ཚོགས་ནི་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ཚུན་གྱི་ལོ་གསུམ་རིང་ལ། ཐོག་དང་པོར་ཡུལ་དངོས་ནས་སྤེལ་བའི་གྲོས་ཚོགས་ཡིན་པ་དང་། ཀྲུང་གོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་རྗེས་ཀྱི་ཕྱོགས་མང་ཕྱི་འབྲེལ་བྱ་འགུལ་གཙོ་བོ་ཞིག་ཀྱང་རེད། ཉིན་བཞིའི་རིང་། ཡན་ལག་གླེང་སྟེགས་དང་བྱ་འགུལ་སུམ་ཅུ་ལྷག་སྤེལ་བ་རེད།
པའོ་ཨོ་ཨེ་ཤ་ཡཱའི་གླེང་སྟེགས་ཀྱི་དྲུང་ཡིག་ཆེན་མོ་ལིས་པའོ་ཏུང་གིས་ལོ་ཚོགས་གྲོལ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བསྟན་དོན། ཕྱོགས་སོ་སོས་ད་ལོའི་ལོ་ཚོགས་ཀྱི་བརྗོད་སྙིང་སྟེ་གཏན་འཇགས་མིན་པའི་འཛམ་གླིང་གིས་མཐུན་སྒྲིལ་མཉམ་ལས་བྱས་ཏེ་འགྲན་རྩོད་བསུ་བ་དང་སྒོ་འབྱེད་བཟོད་སྒོམ་བྱས་ཏེ་འཕེལ་རྒྱས་ལ་སྐུལ་མ་གཏོང་བའི་ཐད་ཐུན་མོང་གི་ལྟ་ཚུལ་བསྟན་པ་དང་། ཕྱོགས་སོ་སོའི་འཕེལ་རྒྱས་དགོས་མཁོ་དང་བསྟུན་ནས། མིག་སྔའི་འཛམ་གླིང་ཡོངས་ཀྱི་གཏན་འཇགས་མིན་པའི་རང་བཞིན་ཐག་གཅོད་བྱེད་པར་མཛུབ་སྟོན་གལ་ཆེན་འདོན་སྤྲོད་བྱེད་དགོས་པར་འདོད།
ལིས་པའོ་ཏུང་གིས་བཤད་རྒྱུར། ཐེངས་འདིའི་ལོ་ཚོགས་ནས་གྲུབ་འབྲས་གལ་ཆེན་བླངས་ཡོད་ཅིང་། མིག་སྔའི་འཛམ་གླིང་ཡོངས་ཀྱི་མདུན་དུ་ལྷགས་པའི་གནད་དོན་གཙོ་བོར་གཏིང་ཟབ་ཏུ་དབྱེ་ཞིབ་བྱས་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཐུན་སྒྲིལ་མཉམ་ལས་བྱེད་པའི་ཐུན་མོང་ལྟ་ཚུལ་ཇེ་དྲག་ཏུ་བཏང་སྟེ། འཛམ་གླིང་གི་དཔལ་འབྱོར་སླར་གསོ་དང་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གྲོས་གཞི་དང་འདོད་བློ་བཏོན་ཡོད་ཟེར།
ཕྱོགས་སོ་སོས་བལྟས་ན། ང་ཚོས་རྩ་ཆེ་བའི་དུས་ཚོད་དེ་ས་ཁུལ་གྱི་ཆབ་སྲིད་འགལ་བ་དང་འདུ་ཤེས་འཛིན་སྟངས་མི་འདྲ་བ། ས་ཁུལ་གྱི་དཔལ་འབྱོར་བཅས་བྱེ་བྲག་གི་གནད་དོན་སྟེང་ཆུད་ཟོས་སུ་གཏོང་མི་རུང་བར། མཐུན་སྒྲིལ་གཅིག་སེམས་ཀྱིས་དུས་ཡུན་རིང་བོའི་འགྲན་རྩོད་མཉམ་དུ་བསུ་དགོས་ལ། ངེས་པ་དོན་གྱིས་གཏན་འཇགས་དང་དར་རྒྱས་མངོན་འགྱུར་བྱེད་པ་དང་། རང་དབང་དང་འདྲ་མཉམ་གྱི་ཉོ་ཚོང་ལ་སྲུང་སྐྱོབ་བྱེད་དགོས།
སྒོ་འབྱེད་བཟོད་སྒོམ་རྒྱུན་འཁྱོངས་དང་ཕྱོགས་མང་རིང་ལུགས་སླར་གསོ་བྱས་ནས་ས་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་དགོས། ཨེ་ཤ་ཡཱའི་རྒྱལ་ཁབ་སོ་སོས་མུ་མཐུད་དུ་ཕན་ཚུན་བར་གྱི་མཉམ་ལས་ཇེ་ཟབ་ཏུ་གཏོང་དགོས་པ་དང་། ཁྱད་པར་དུ་ཀྲུང་གོ་དང་ཨེ་ཤ་ཡཱའི་རྒྱལ་ཁབ་གཞན་པའི་བར་གྱི་དཔལ་འབྱོར་མཉམ་ལས་དང་མཛའ་མཐུན་འབྲེལ་བར་སྐུལ་གཏོང་དགོས་ལ། དེའི་ཞོར་དུ་ས་ཁོངས་གཞན་པའི་རྒྱལ་ཁབ་བར་གྱི་མཉམ་ལས་རྒྱ་བསྐྱེད་བྱེད་དགོས་པར་འདོད།
པའོ་ཨོ་ཨེ་ཤ་ཡཱའི་གླེང་སྟེགས་ནི་སྲིད་གཞུང་མ་ཡིན་ཞིང་། ཁེ་སྤོགས་རང་བཞིན་མ་ཡིན་པའི་རྒྱལ་སྤྱིའི་རྩ་འཛུགས་ཤིག་ཡིན་པ་དང་། ཉིས་སྟོང་གཅིག་ལོར་བཙུགས་པ་ཡིན་ལ། ཨེ་ཤ་ཡཱ་ས་ཁོངས་ཀྱི་དཔལ་འབྱོར་མཉམ་ལས་ལ་སྐུལ་འདེད་གཏོང་བར་འབད་འབུངས་བྱས་ནས། ས་གནས་རང་གི་དཔལ་འབྱོར་ཐད་རྒྱུན་མཐུད་འཕེལ་རྒྱས་མངོན་འགྱུར་བྱེད་པར་རིག་ནུས་ཀྱི་རྒྱབ་སྐྱོར་འདོན་སྤྲོད་བྱེད་བཞིན་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།