ཟླ་གསུམ་པའི་ཚེས་སོ་གཅིག་ཉིན། ཕཱ་ཁི་སི་ཐན་གྱི་ཁཱ་ལཱ་ཆི་ནས། ལས་བྱེད་མི་སྣས་རྡོག་བརྫིས་དོན་རྐྱེན་བྱུང་སའི་ཡུལ་དངོས་སུ་བྱ་བ་སྒྲུབ་བཞིན་པ།
ཟླ་གསུམ་པའི་ཚེས་སོ་གཅིག་ཉིན། ཕཱ་ཁི་སི་ཐན་གྱི་ཁཱ་ལཱ་ཆི་ནས། རྡོག་བརྫིས་དོན་རྐྱེན་ཁྲོད་ཀྱི་འདས་པོའི་ཁྱིམ་མི་སྨན་ཁང་དུ་ངུ་བཞིན་པ།
ཕཱ་ཁི་སི་ཐན་ཉེན་རྟོག་ཕྱོགས་ཀྱིས་བསྒྲགས་པ་ལྟར་ན། ཕཱ་ཁི་སི་ཐན་ལྷོ་ཕྱོགས་ཀྱི་ཞིན་ཏི་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ཁཱ་ལཱ་ཆི་ནས་ཟླ་གསུམ་པའི་ཚེས་སོ་གཅིག་ཉིན་རྡོག་བརྫིས་དོན་རྐྱེན་ཞིག་བྱུང་སྟེ། ཉུང་མཐར་ཡང་མི་བཅུ་གཅིག་རྐྱེན་ལམ་དུ་ཤོར་བ་དང་། མི་བཅུ་ལྷག་ལ་རྨས་ཕོག་ཟེར།
ས་དེའི་ཉེན་རྟོག་ཕྱོགས་ཀྱིས་གསར་འགོད་པར་བཤད་རྒྱུར། རྡོག་བརྫིས་དོན་རྐྱེན་དེ་ཁཱ་ལཱ་ཆིའི་སྒེར་གཉེར་བཟོ་གྲྭ་ཞིག་གི་ཕྱི་རོལ་ནས་བྱུང་བ་དང་། སྐབས་ཐོག་དེར་དགེ་སྒྲུབ་རྒུད་སྐྱོབ་ལེན་རྩིས་བྱེད་པའི་མང་ཚོགས་མང་བོ་གཅིག་ཏུ་འདུས་ཡོད། བཟོ་གྲྭ་ཕྱོགས་ཀྱིས་ས་དེའི་སྲིད་གཞུང་གི་ཆོག་མཆན་མེད་པ་དང་བཀོད་སྒྲིག་འོས་འཚམ་མ་བྱས་པར་རིན་མེད་དུ་རྒུད་སྐྱོབ་དངོས་རྫས་བྱིན་པས། འཚང་ཁ་བྱུང་ནས་རྡོག་བརྫིས་དོན་རྐྱེན་བྱུང་བ་རེད་ཟེར།
དོན་རྐྱེན་བྱུང་རྗེས། བཟོ་གྲྭའི་སྤྱི་གཉེར་བ་དང་བཅས་པའི་མི་དྲུག་ཉེན་རྟོག་ཕྱོགས་ཀྱིས་འཛིན་བཟུང་བྱས་པ་དང་། ཉེན་རྟོག་ཕྱོགས་ཀྱིས་ཐེངས་འདིའི་དོན་རྐྱེན་ལ་རྟོག་ཞིབ་བྱེད་རྒྱུའི་ཚུལ་བསྟན།
རྡོག་བརྫིས་དོན་རྐྱེན་ཁྲོད་ཀྱི་རྨས་མ་དག་མིག་སྔར་ཉེ་འདབས་ཀྱི་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད་ལ། སྨན་ཁང་ཕྱོགས་ཀྱིས་བསྟན་དོན། རྨས་མ་འགའི་གནས་ཚུལ་ཚབས་ཆེན་ཡིན་པས། འདས་པོའི་ཁ་གྲངས་སྔར་ལས་ཇེ་མང་དུ་འགྲོ་ཡང་སྲིད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།