ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་ནོར་སྲིད་དང་ཀྲུང་དབྱང་དངུལ་ཁང་གི་མགོ་བའི་གྲོས་ཚོགས་ཟླ་གསུམ་པའི་ཚེས་སོ་གཅིག་ཉིན་ཧིན་རྡུ་ཉི་ཞི་ཡཱའི་པཱ་ལི་གླིང་ཕྲན་ནས་གྲོལ། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་ས་ཁུལ་རང་གི་དངུལ་ལོར་བེད་སྤྱོད་ལ་ཤུགས་སྣོན་བྱས་ཏེ། རྒྱལ་ཁོངས་བརྒལ་བའི་ཉོ་ཚོང་དང་དངུལ་གཏོང་ཁྲོད་མིག་སྔའི་རྒྱལ་སྤྱིའི་དངུལ་ལོར་གཙོ་བོར་བརྟེན་པའི་སྣང་ཚུལ་ཇེ་ཉུང་དུ་བཏང་ནས། སྔར་ལས་ལྷག་པའི་སྒོ་ནས་འཛམ་གླིང་རང་བཞིན་གྱི་ཉམས་ཉེན་ཐག་གཅོད་བྱེད་པར་ཡིད་འཐད་བྱུང་།
ཧིན་རྡུ་ཉི་ཞི་ཡཱའི་ཀྲུང་དབྱང་དངུལ་ཁང་གི་མགོ་བ་ཕའེ་ལི་ཝ་ཅི་ཡའོ་ཡིས་ཚོགས་འདུ་གྲོལ་རྗེས་གསར་འགོད་པར་བསྟན་དོན། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱིས་བྱ་བའི་ཚན་ཆུང་བཙུགས་ནས་ཟོལ་མེད་ཀྱིས་དངུལ་ལོར་ཉོ་ཚོང་ཁྲོད་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་ས་གནས་རང་གི་དངུལ་ལོར་བེད་སྤྱོད་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ་དང་། ས་གནས་རང་བགི་དངུལ་ལོར་གྱི་ས་ཁུལ་རང་གི་བེད་སྤྱོད་ཀྱི་ཚད་སྔར་ལས་ཇེ་མཐོར་སོང་ན། ད་གཟོད་རྒྱལ་ཁོངས་བརྒལ་བའི་ཉོ་ཚོང་དང་དངུལ་གཏོང་འཕེལ་རྒྱས་ཐད་སྔར་ལས་གཏན་འཇགས་ཀྱི་རྒྱབ་སྐྱོར་འདོན་སྤྲོད་བྱེད་ཐུབ་ཟེར།
ཝ་ཅི་ཡའོ་ཡིས་བསྟན་དོན། གལ་ཏེ་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་ས་ཁུལ་རང་ནས་རང་སའི་དངུལ་ལོར་མང་དུ་བེད་སྤྱོད་བྱས་ན། ཉོ་ཚོང་དང་རྩིས་སྤྲོད་གང་ཡིན་ཡང་མྱུར་མོ་ཡིན་ཟེར། ཁོས་ད་རུང་བཤད་རྒྱུར། ཚོགས་ཐོག་ནས་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་ཁབ་དག་གིས་ཁེབས་ཚད་སྔར་ལས་ཆེ་བའི་རྒྱལ་ཁོངས་བརྒལ་བའི་རྩིས་སྤྲོད་མཉམ་ལས་བྱེད་པར་ཡིད་འཐད་བྱུང་ཡོད་ཟེར།
ད་ལོའི་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་ནོར་སྲིད་དང་ཀྲུང་དབྱང་དངུལ་ཁང་གི་མགོ་བའི་གྲོས་ཚོགས་ཐོག་མ་དེ་ཟླ་གསུམ་པའི་ཚེས་ཉེར་བརྒྱད་ཉིན་ནས་ཚེས་སོ་གཅིག་ཉིན་བར་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཧིན་རྡུ་ཉི་ཞི་ཡཱའི་པཱ་ལི་གླིང་ཕྲན་ནས་བསྡུས་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།