སི་རི་ཡཱའི་ཕྱི་འབྲེལ་བློན་ཆེན་གྱིས་ལོ་ངོ་བཅུའི་རྗེས་སུ་ཐོག་དང་པོར་ཨེ་ཅིབ་ཏུ་འཚམས་འདྲི་བྱས།
2023.04.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 26

ཨེ་ཅིབ་ཕྱི་འབྲེལ་པུའུ་ཡིས་ཟླ་བཞི་བའི་ཚེས་གཅིག་ཉིན་གསལ་སྒྲོག་སྤེལ་ཏེ། ཨེ་ཅིབ་ཀྱི་ཕྱི་འབྲེལ་བློན་ཆེན་ཧྲུའུ་ཁའེ་ལི་ཡིས་ཉིན་དེར་རྒྱལ་ས་ཁེ་རོ་ནས་འཚམས་འདྲིར་ཡོང་བའི་སི་རི་ཡཱའི་ཕྱི་འབྲེལ་བློན་ཆེན་མཱེ་ཁི་ཏཱ་ཏི་དང་གྲོས་མོལ་བྱས། ཕྱོགས་གཉིས་ཀྱིས་ཕན་ཚུན་བར་གྱི་འབྲེལ་བར་སྐུལ་འདེད་གཏོང་བའི་བྱེད་ཐབས་དང་ཐུན་མོང་གིས་སེམས་ཁུར་བྱེད་པའི་ས་ཁུལ་དང་རྒྱལ་སྤྱིའི་གནད་དོན་ལ་གྲོས་བསྡུར་བྱས། དེ་ནི་སི་རི་ཡཱའི་ཕྱི་འབྲེལ་བློན་ཆེན་གྱིས་ལོ་ངོ་བཅུའི་རྗེས་སུ་ཐོག་དང་པོར་ཨེ་ཅིབ་ཏུ་འཚམས་འདྲི་བྱས་པ་རེད།

གསལ་སྒྲོག་ལས་བཤད་རྒྱུར། ཧྲུའུ་ཁའེ་ལི་ཡིས་བསྐྱར་སྒྲོག་བྱས་དོན། ཨེ་ཅིབ་ཀྱིས་ཤུགས་ཆེན་པོས་ཆབ་སྲིད་ལ་བརྟེན་ནས་ཕྱོགས་ཡོངས་ནས་སི་རི་ཡཱའི་ཉམས་ཉེན་ཐག་གཅོད་བྱེད་པ་དང་སི་རི་ཡཱའི་མི་རིགས་འགྲིག་མཐུན་མངོན་འགྱུར་བྱེད་པའི་བྱ་བར་རྒྱབ་སྐྱོར་བྱེད་རྒྱུ་ཡིན། སི་རི་ཡཱའི་ཉམས་ཉེན་དེ་ཆབ་སྲིད་ལ་བརྟེན་ནས་ཕྱོགས་ཡོངས་ནས་ཐག་གཅོད་བྱེད་ན། ཕྱི་རྒྱལ་གྱིས་སི་རི་ཡཱའི་ལས་དོན་ལ་ཐེ་གཏོགས་བྱེད་པ་མཇུག་སྒྲིལ་དགོས་པ་དང་། སི་རི་ཡཱའི་བདེ་འཇགས་དང་གཏན་འཇགས་སླར་གསོ་བྱེད་པ་དང་། སི་རི་ཡཱའི་བདག་དབང་དང་མངའ་ཁོངས་ཆ་ཚང་ཡོང་བར་འགན་སྲུང་བྱས་ནས། སི་རི་ཡཱའི་མི་དམངས་ཀྱི་ཐོན་ཁུངས་ལ་སྲུང་སྐྱོབ་བྱེད་དགོས་པར་མ་ཟད། རྣམ་པ་གང་རུང་གི་འཇིགས་སྐུལ་རིང་ལུགས་མེད་པར་བཏང་ན། སི་རི་ཡཱའི་ཡུལ་གྱར་བ་ས་ཡ་མང་བོ་རང་འགུལ་དང་བདེ་འཇགས་ངང་ཕྱིར་རྒྱལ་ནང་དུ་ལོག་ཏུ་འཇུག་པར་ཕན་ཐོགས་ཡོད་ཟེར།

མཱེ་ཁི་ཏཱ་ཏི་ཡིས་བསྟན་དོན། སི་རི་ཡཱ་ཡིས་ཨེ་ཅིབ་ཀྱིས་འདས་པའི་ལོ་འགའི་ནང་རྒྱབ་སྐྱོར་བྱས་པ་དང་། ད་ལོའི་ཟླ་གཉིས་པར་སི་རི་ཡཱ་རུ་ས་ཡོམ་བྱུང་རྗེས་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱས་པར་གཟེངས་བསྟོད་བྱེད་བཞིན་ཡོད། སྔར་ལས་མང་བའི་ཨ་རབ་རྒྱལ་ཁབ་ཀྱིས་སི་རི་ཡཱའི་བར་མཐུན་སྒྲིལ་གཅིག་གྱུར་བྱས་ཏེ། སི་རི་ཡཱ་ཡིས་ཉམས་ཉེན་ཁྱད་དུ་བསལ་ནས་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་ཁྱིམ་གཞི་ཆེན་མོའི་ནང་ཕྱིར་ལོག་པར་རོགས་རམ་བྱེད་དགོས་ཟེར།

ཉིས་སྟོང་བཅུ་གཅིག་ལོར་སི་རི་ཡཱའི་ཉམས་ཉེན་བྱུང་བའི་རྗེས་སུ། ཨ་རབ་རྒྱལ་ཁབ་མཉམ་འབྲེལ་གྱིས་སི་རི་ཡཱའི་ཁོངས་གཏོགས་རྒྱལ་ཁབ་ཀྱི་ཐོབ་ཐང་མེད་པར་བཏང་བ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།