གསར་འགོད་པས་ཟླ་བཞི་བའི་ཚེས་གཅིག་ཉིན་ཚོང་དོན་པུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཟླ་བཞི་བའི་ཚེས་གཅིག་ཉིན་ཚོང་དོན་པུའུ་ཡི་པུའུ་ཀྲང་ཝང་ཝུན་ཐའོ་དང་སིང་ག་ཕོར་གྱི་ཉོ་ཚོང་བཟོ་ལས་པུའུ་ཀྲང་ཡན་ཅིན་ཡུང་གཉིས་ཀྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཚོང་དོན་པུའུ་དང་སིང་ག་ཕོར་གྱི་ཉོ་ཚོང་དང་བཟོ་ལས་པུའུ་ཡིས་ངོ་བོ་རང་བཞིན་ལྡན་པའི་སྒོ་ནས་ཀྲུང་གོ་དང་སིང་ག་ཕོར་གྱི་རང་དབང་ཉོ་ཚོང་གྲོས་ཆོད་རིམ་འཕར་རྗེས་ཀྱི་གྲོས་མོལ་ཡོངས་འགྲུབ་བྱེད་པའི་སྐོར་གྱི་བཟོད་སྒོམ་བརྗེད་ཐོ་བཀོད་དེ། ངོ་བོ་རང་བཞིན་ལྡན་པའི་སྒོ་ནས་རྒྱལ་ཁབ་གཉིས་ཀྱི་རང་དབང་ཉོ་ཚོང་གྲོས་ཆོད་རིམ་འཕར་རྗེས་ཀྱི་གྲོས་མོལ་ཡོངས་འགྲུབ་བྱས་པ་བདེན་དཔང་བྱས། ཕྱོགས་གཉིས་ཀྱི་འཐུས་ཚབ་ཚོགས་པས་མུ་མཐུད་དུ་མ་ཡིག་བཅའ་ཁྲིམས་ལ་དཔྱད་ཞིབ་དང་ལོ་ཙཱ་བྱེད་པ་སོགས་ཀྱི་བྱ་བ་བསྒྲུབས་པ་དང་། རྒྱལ་ཁབ་རང་རང་གི་རྒྱལ་ནང་གི་ལས་རིམ་ལག་བསྟར་བྱས་ནས་སྔ་མོ་ནས་གྲོས་ཆོད་འགོད་རྒྱུ་རེད།
རྒྱུས་ལོན་བྱུང་བ་ལྟར་ན། གྲོས་ཆོད་དེ་ནི་རང་རྒྱལ་གྱི་རང་དབང་ཉོ་ཚོང་གྲོས་ཆོད་ཀྱི་ལག་ལེན་ཁྲོད་ཐོག་དང་པོར་ལྡོག་ཕྱོགས་ཀྱི་གསལ་ཁྲའི་རྣམ་པ་སྤྱད་དེ་ཞབས་ཞུ་དང་དངུལ་གཏོང་སྒོ་འབྱེད་ལ་དམ་བཅའ་བྱས་པ་ཡིན་ཞིང་། ཕྱོགས་གཉིས་ཀྱིས་སྔོན་རིམ་འཕར་བྱས་པའི་གྲོས་ཆོད་ཀྱི་རྨང་གཞིའི་སྟེང་། སྔར་ལས་ལྷག་པའི་སྒོ་ནས་ཉོ་ཚོང་དང་དངུལ་གཏོང་ལ་ཞབས་ཞུ་བྱེད་པའི་སྒོ་འབྱེད་དམ་བཅའི་ཆུ་ཚད་མཐོར་འདེགས་བྱེད་པ་དང་། གློག་འཕྲིན་གྱི་ནང་དོན་ཁ་སྣོན་བྱས་ཡོད་པར་མ་ཟད། རྒྱལ་དམངས་ཀྱི་ཐོབ་ཐང་དང་ཚོང་རར་ཞུགས་ཆོག་པ། མངོན་གསལ་གྱི་ཚད། གྲངས་ལྡན་དཔལ་འབྱོར་སོགས་ཆུ་ཚད་མཐོ་བའི་དཔལ་འབྱོར་ཉོ་ཚོང་སྒྲིག་སྲོལ་ནང་འཇོག་རྒྱུ་རེད།
ཕྱོགས་གཉིས་ཀྱིས་ད་རུང་མཉམ་དུ་ཉོ་ཚོང་དང་དངུལ་གཏོང་ཞབས་ཞུའི་ཁྱབ་ཁོངས་ཀྱི་སྒོ་འབྱེད་བྱེད་ཐབས་རྩིས་མེད་དུ་མི་གཏོང་བ་ཁས་ལེན་བྱས་ཤིང་། གྲོས་ཆོད་ཀྱི་རྣམ་པས་ཕན་ཚུན་ལ་སྒོ་གླེགས་ཡངས་པོར་འབྱེད་རྒྱུ་ཁས་ལེན་བྱས་ཡོད། གྲོས་ཆོད་དེ་ནི་རང་རྒྱལ་གྱིས་ཚད་གཞི་མཐོ་བའི་རྒྱལ་སྤྱིའི་དཔལ་འབྱོར་ཉོ་ཚོང་སྒྲིག་སྲོལ་དང་སྦྲེལ་མཐུད་བྱེད་པ་དང་ཕྱི་ཕྱོགས་སྒོ་འབྱེད་རྒྱ་བསྐྱེད་པའི་བྱེད་ཐབས་དང་དོན་དངོས་འགུལ་སྐྱོད་ཅིག་ཡིན་ལ། ཀྲུང་གོ་དང་སིང་ག་ཕོར་གྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་དེ་སྐས་རིམ་གསར་བ་ཞིག་ཏུ་བསླེབ་པར་སྐུལ་འདེད་གཏོང་ཐུབ་ངེས་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།