དབྱི་ལིང་གི་དམག་དོན་བློ་འདོན་པ་གཉིས་དབྱི་སི་རལ་གྱི་སི་རི་ཡཱ་ལ་དམིགས་པའི་བར་སྣང་འཇབ་རྒོལ་ཁྲོད་རྐྱེན་ལམ་དུ་ཤོར།
2023.04.03 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 24

དབྱི་ལིང་དབྱི་སི་ལན་གསར་བརྗེ་ཉེན་སྲུང་རུ་ཁག་གིས་ཚེས་གཉིས་ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་ལིང་གི་དམག་དོན་བློ་འདོན་པ་གཅིག་ལ་ཉེ་སྔོན་དབྱི་སི་རལ་གྱི་སི་རི་ཡཱ་ལ་དམིགས་པའི་བར་སྣང་འཇབ་རྒོལ་ཁྲོད་རྐྱེན་ལམ་དུ་ཤོར། དབྱི་ལིང་ཕྱོགས་ཀྱིས་དེའི་སྔོན་དམག་དོན་བློ་འདོན་པ་གཅིག་བར་སྣང་འཇབ་རྒོལ་ཁྲོད་རྐྱེན་ལམ་དུ་ཤོར་བ་བདེན་དཔང་བྱས་ཡོད་པ་རེད།

གསལ་སྒྲོག་ལས་བཤད་རྒྱུར། རྐྱེན་ལམ་དུ་ཤོར་བའི་དམག་དོན་བློ་འདོན་པ་གཉིས་པ་ནི་ཟླ་གསུམ་པའི་ཚེས་སོ་གཅིག་ཉིན་དབྱི་སི་རལ་གྱིས་སི་རི་ཡཱའི་རྒྱལ་ས་ཏཱ་མཱ་ཧྲི་ཀིའི་ཉེ་འདབས་ས་ཁུལ་དུ་བར་སྣང་འཇབ་རྒོལ་བྱེད་སྐབས་རྨས་ཕོག་པ་དང་། མཇུག་མཐར་གསོ་བཅོས་བྱས་ཀྱང་ཕན་མ་ཐོགས་པར་རྐྱེན་ལམ་དུ་ཤོར་བ་རེད། དབྱི་སི་རལ་གྱིས་དབྱི་ལིང་གི་དམག་དོན་བློ་འདོན་པ་གཉིས་དམར་གསོད་བཏང་བའི་ཐད་འགན་ཁུར་དགོས་ཟེར། དབྱི་ལིང་དབྱི་སི་ལན་གསར་བརྗེ་ཉེན་སྲུང་རུ་ཁག་གིས་ཟླ་གསུམ་པའི་ཚེས་སོ་གཅིག་ཉིན་སི་རི་ཡཱ་རུ་སྡོད་པའི་དམག་དོན་བློ་འདོན་པ་ཞིག་བར་སྣང་འཇབ་རྒོལ་ཁྲོད་རྐྱེན་ལམ་དུ་ཤོར་བ་བདེན་དཔང་བྱས་ཡོད་ཟེར།

དབྱི་ལིང་གི་ཕྱི་འབྲེལ་པུའུ་ཡིས་ཚེས་གཉིས་ཉིན་རང་གི་དྲ་ཚིགས་བརྒྱུད་དེ་གསལ་སྒྲོག་སྤེལ་ནས་བཤད་རྒྱུར། ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཁཱ་ནཱ་ནེ་ཡིས་བསྟན་དོན། དབྱི་སི་རལ་གྱིས་བསྟུད་མར་སི་རི་ཡཱ་ལ་འཇབ་རྒོལ་བྱས་པ་ལས། སི་རི་ཡཱའི་བདག་དབང་དང་མངའ་ཁོངས་ཆ་ཚང་ཡོང་བར་གནོད་པ་སྐྱེལ་ཡོད་ལ། རྒྱལ་སྤྱིའི་བཅའ་ཁྲིམས་ལ་འགལ་ཡོད་ཟེར། དབྱི་ལིང་གི་ཆབ་སྲིད་དང་བཅའ་ཁྲིམས་ཐད་ནས་བྱ་སྤྱོད་མི་ལེགས་པ་དེ་རིགས་རྩད་གཅོད་བྱེད་རྒྱུ་ཡིན་ལ། དུས་ཚོད་དང་ས་གནས་འོས་འཚམ་ཡིན་དུས་ཕྱིར་རྒོལ་ལན་སྤྲོད་པའི་ཁེ་དབང་སོར་འཇོག་བྱེད་ངེས་ཡིན་ཟེར།

ཉིས་སྟོང་བཅུ་གཅིག་ལོར་སི་རི་ཡཱའི་ནང་འཁྲུག་བྱུང་བའི་རྗེས་སུ། དབྱི་སི་རལ་གྱི་དམག་དཔུང་གིས་སི་རི་ཡཱའི་མངའ་ཁོངས་ཀྱི་དམིགས་འབེན་ལ་བར་སྣང་འཇབ་རྒོལ་བྱས་པ་དང་། རྒྱུ་མཚན་ནི་དབྱི་ལིང་གི་དམག་དོན་སྒྲིག་ཆས་ལ་ཆམ་ཕབ་གཏོང་བ་དང་། དབྱི་ལིང་གིས་སི་རི་ཡཱ་དང་ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་ལ་མཚོན་ཆ་སྐྱེལ་བར་བཀག་འགོག་བྱེད་རྒྱུ་དེ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།