ཨུ་རུ་སིའི་ཧྲིན་པིས་ཏི་པའོ་ཡི་འཚིག་ཇ་ཁང་ཞིག་ཏུ་འགས་གཏོར་དོན་རྐྱེན་བྱུང་བ་རེད།
2023.04.03 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 50

ཨུ་རུ་སིའི་ཧྲིན་པིས་ཏི་པའོ་ཡི་འཚིག་ཇ་ཁང་ཞིག་ཏུ་ཚེས་གཉིས་ཉིན་འགས་གཏོར་དོན་རྐྱེན་བྱུང་སྟེ། མི་གཅིག་རྐྱེན་ལམ་དུ་ཤོར་བ་དང་ཉུང་མཐར་ཡང་མི་བཅུ་དགུར་རྨས་ཕོག་ཡོད་ཟེར།

ཨུ་རུ་སིའི་ནང་སྲིད་པུའུ་ཡིས་ཚེས་གཉིས་ཉིན་སྤེལ་བའི་གནས་ཚུལ་ལྟར་ན། ཉིན་དེའི་དགོང་མོའི་དུས་ཚོད་དྲུག་དང་སྐར་མ་བཅུ་གསུམ་སྟེང་། ཧྲིན་པིས་ཏི་པའོ་ཡི་ཝ་ཞི་ལི་ཡེ་ཧྥུའུ་སི་ཅི་ས་ཁུལ་གྱི་ཉེན་རྟོག་ཕྱོགས་ལ་ཉེན་བརྡ་འབྱོར་ནས། ས་དེའི་འཚིག་ཇ་ཁང་ཞིག་ཏུ་འགས་གཏོར་བྱུང་བ་སྙན་ཞུ་བྱས། དོན་རྐྱེན་དེ་ལས་མི་གཅིག་རྐྱེན་ལམ་དུ་ཤོར་བ་དང་། མི་བཅུ་དྲུག་ལ་རྨས་ཕོག རྨས་མ་དག་གི་གསོ་བཅོས་བྱེད་བཞིན་ཡོད།

ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་མྱུལ་ཞིབ་ཨུ་ཡོན་ལྷན་ཁང་གིས་ཉིན་དེའི་དགོང་མོར་བཤད་རྒྱུར། འགས་གཏོར་དོན་རྐྱེན་དེ་ནི་འགས་གཏོར་སྒྲིག་ཆས་གང་རུང་ལས་བྱུང་བ་ཡིན་ལ། འདས་པོ་དེ་ནི་དྲ་མིང་ལ་ཧྥོ་ལཱ་ཏི་ལེན་ཐཱ་ཐཱ་ཨར་སི་ཅི་ཞེས་པའི་གཡུལ་སའི་གསར་འགོད་པ་ཞིག་ཡིན་པ་དང་། གཞན་ཡང་མི་བཅུ་དགུར་འགས་གཏོར་ཁྲོད་རྨས་ཕོག་ཡོད། རྒྱལ་ཕྲན་མཉམ་འབྲེལ་མྱུལ་ཞིབ་ཨུ་ཡོན་ལྷན་ཁང་གིས་དོན་རྐྱེན་དེར་ཉེས་དོན་རྟོག་ཞིབ་བྱེད་བཞིན་ཡོད་ཟེར། ཧྥོ་ལཱ་ཏི་ལེན་ཐཱ་ཐཱ་ཨར་སི་ཅི་ཡིས་ནམ་རྒྱུན་ཝུའུ་ཁི་ལན་གྱི་གཡུལ་སའི་དོན་གྱི་ཐད་ནས་གཏམ་བཤད་སྤེལ་བཞིན་ཡོད་ལ། ཁོར་དྲ་ཐོག་ཏུ་མོས་མཐུན་ཡོད་མཁན་ས་ཡ་འགའ་ཡོད། བསྒྲགས་པ་ལྟར་ན། ཧྥོ་ལཱ་ཏི་ལེན་ཐཱ་ཐཱ་ཨར་སི་ཅི་ཡིས་ཉིན་དེར་དོན་རྐྱེན་བྱུང་སའི་འཚིག་ཇ་ཁང་དུ་ངོ་ཐུག་པའི་མཛད་སྒོ་སྤེལ་བཞིན་ཡོད་ལ། ངོ་ཐུག་པར་ཡོང་བའི་མི་ཞིག་གིས་འགད་རྫས་སྦས་ཡོད་པའི་གསེར་མདོག་གི་ལྷ་སྐུ་ཞིག་ལེགས་སྐྱེས་སུ་ཕུལ་བ་རེད་ཟེར།

མིག་སྔར་དོན་རྐྱེན་བྱུང་ས་དེ་བཀག་སྡོམ་བྱས་པ་དང་། ཨུ་རུ་སིའི་ཉེན་རྟོག་ཕྱོགས་དང་ནང་སྲིད་པུའུ། བྲེལ་མྱུར་གནས་ཚུལ་པུའུ་སོགས་སྡེ་ཁག་གིས་རྟོག་ཞིབ་བྱེད་བཞིན་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།