པཱ་པུའུ་ཡཱ་ཀའེ་ནེ་ཡཱ་གསར་བ་རུ་ཚད་རིམ་བདུན་གྱི་ས་ཡོམ་བྱུང་།
2023.04.03 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 16

ཞི་བདེ་རྒྱ་མཚོ་ལྷོ་མའི་གླིང་ཕྲན་རྒྱལ་ཁབ་པཱ་པུའུ་ཡཱ་ཀའེ་ནེ་ཡཱ་གསར་བ་རུ་ཚེས་གསུམ་ཉིན་ཚད་རིམ་བདུན་གྱི་ས་ཡོམ་བྱུང་བ་དང་། མིག་སྔར་མི་སྣར་ཤི་རྨས་དང་རྒྱུ་ནོར་གྱོང་གུད་བྱུང་བའི་སྙན་ཞུ་བསྒྲགས་མེད།

ཨ་མེ་རི་ཁའི་ས་གཤིས་བརྟག་དཔྱད་ཅུའུ་ཡིས་བསྒྲགས་པ་ལྟར་ན། ཐེངས་འདིའི་ས་ཡོམ་དེ་ཚེས་གསུམ་ཉིན་གྱི་ཞོགས་པའི་དུས་ཚོད་བཞི་དང་སྐར་མ་བཞིའི་སྟེང་བྱུང་བ་དང་། ས་ཡོམ་བྱུང་ས་གཙོ་བོ་དེ་པཱ་པུའུ་ཡཱ་ཀུའེ་ནེ་ཡཱ་གསར་བའི་བྱང་ཤར་ཕྱོགས་ཀྱི་མཚོ་འགྲམ་གྲོང་ཁྱེར་ཝེ་ཝ་ཁིའི་ལྷོ་ནུབ་ཕྱོགས་ཀྱི་སྤྱི་ལེ་གོ་བདུན་མཚམས་ཡིན་ལ། ས་ཡོམ་གྱི་གཏིང་ཚད་ལ་སྤྱི་ལེ་རེ་གཉིས་དང་གྲངས་ཆུང་དྲུག་ཡོད་ཟེར། ཅུའུ་དེས་ཐོག་མར་ཚད་འཇལ་བྱས་པའི་ས་ཡོམ་གྱི་རིམ་པ་ཚད་རིམ་བདུན་དང་གྲངས་ཆུང་གསུམ་ཡིན་པ་དང་། རྗེས་སུ་ཚད་རིམ་བདུན་དུ་བཅོས་པ་རེད།

ཞི་བདེ་རྒྱ་མཚོ་ཆེན་མོའི་རྒྱ་མཚོ་འཕྱུར་བའི་ཉེན་གཏོང་ལྟེ་གནས་ཀྱིས་ཐེངས་འདིའི་ས་ཡོམ་ཐད་ནས་རྒྱ་མཚོ་འཕྱུར་བའི་ཉེན་བརྡ་བཏང་མེད།

པཱ་པུའུ་ཡཱ་ཀུའེ་ནེ་ཡཱ་གསར་བ་ནི་སྐམ་ས་ཆེན་མོའི་འབྲེལ་མཚམས་སུ་གནས་པ་དང་། ཞི་བདེ་རྒྱ་མཚོས་བསྐོར་བའི་མེ་རིའི་བརྒྱུད་དུ་ཡོད་པས་ས་ཡོམ་མང་དུ་འབྱུང་བཞིན་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།