དབྱི་སི་རལ་གྱི་དབང་འཛིན་ལས་ཁུངས་ཀྱིས་རྒྱལ་དམངས་ཉེན་སྲུང་རུ་ཁག་འཛུགས་པར་ཆོག་མཆན་བཀོད།
2023.04.03 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 30

དབྱི་སི་རལ་སྲིད་གཞུང་གསར་འགྱུར་གཞུང་སྒྲུབ་ཁང་གིས་ཚེས་གཉིས་ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་དབང་འཛིན་ལས་ཁུངས་ཀྱིས་ཉིན་དེར་གཟའ་འཁོར་རེའི་རྒྱུན་ལྡན་གྱི་ཚོགས་འདུའི་སྟེང་རྒྱལ་ཁབ་བདེ་འཇགས་པུའུ་ཡི་ཁོངས་སུ་གཏོགས་པའི་རྒྱལ་དམངས་ཉེན་སྲུང་རུ་ཁག་ཅིག་འཛུགས་པར་ཆོག་མཆན་བཀོད།

གསལ་སྒྲོག་ལས་བཤད་རྒྱུར། རྒྱལ་དམངས་ཉེན་སྲུང་རུ་ཁག་གི་བྱེ་བྲག་གི་འགན་འཁྲི་ད་རུང་གཏན་འཁེལ་བྱས་མེད་པ་དང་། དབྱི་སི་རལ་གྱི་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་དང་འབྲེལ་ཡོད་སྲིད་གཞུང་སྡེ་ཁག་གིས་གྲུབ་པའི་ཨུ་ཡོན་ལྷན་ཁང་ཞིག་ལ་གྲོས་བསྡུར་བྱེད་པར་སྤྲོད་རྒྱུ་རེད། ཨུ་ཡོན་ལྷན་ཁང་དེས་ཉིན་དགུ་བཅུའི་དུས་ཚོད་ནང་དབང་འཛིན་ལས་ཁུངས་ལ་གྲོས་བསྡུར་མཇུག་འབྲས་སྤྲད་དེ་ཐབས་ཇུས་དཔྱད་གཞིར་བྱེད་རྒྱུ་རེད། དབྱི་སི་རལ་གྱི་རྒྱལ་ཁབ་མངའ་ཁོངས་ཚགས་པར་གྱིས་བསྒྲགས་པ་ལྟར་ན། དབང་འཛིན་ལས་ཁུངས་ཀྱི་གྲོས་ཚོགས་ནས་རྒྱལ་དམངས་ཉེན་སྲུང་རུ་ཁག་འཛུགས་དགོས་མིན་ཐད་ནས་གྲོས་བསྡུར་གང་ལེགས་བྱས་པ་དང་། སྲིད་གཞུང་གི་པུའུ་ཀྲང་མང་བོས་ངོ་རྒོལ་བྱེད་པའི་ཚུལ་བསྟན། ཁོ་ཚོས་བལྟས་ན་དམག་དཔུང་གསར་བ་བཙུགས་ན་དབྱི་སི་རལ་གྱི་ཉེན་རྟོག་དང་རྒྱལ་སྲུང་དམག རྒྱལ་ཁབ་བདེ་འཇགས་སྤྱི་ཁྱབ་ཅུའུ་བཅས་ཀྱི་དབང་གྲགས་ལ་གནོད་སྲིད་པ་དང་། བདེ་འཇགས་ལས་ཁུངས་བར་ཕན་ཚུན་འགྲན་རྩོད་བྱེད་པའི་སྣང་ཚུལ་འབྱུང་དུ་འཇུག་སྲིད་པར་འདོད།

རྒྱལ་དམངས་ཉེན་སྲུང་རུ་ཁག་འཛུགས་པའི་གྲོས་གཞི་འདོན་མཁན་དབྱི་སི་རལ་རྒྱལ་ཁབ་བདེ་འཇགས་པུའུ་ཡི་པུའུ་ཀྲང་པིན་ཀི་ཝེ་ཨར་གྱིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས་པ་དང་། རྒྱལ་དམངས་ཉེན་སྲུང་རུ་ཁག་གིས་དབྱི་སི་རལ་གྱི་བདག་དབང་དང་མངའ་ཁོངས་ཆ་ཚང་ཡོང་བ། རྒྱལ་དམངས་ཀྱི་བདེ་འཇགས་བཅས་ཀྱི་ཆེད་དུ་བྱ་བ་བསྒྲུབ་དགོས་པའི་ཚུལ་བསྟན།


བསོད་ནམས་ཚེ་རིང་གིས་བསྒྱུར།