པུར་ཀ་རི་ཡཱ་ཡིས་ལོ་ངོ་གཉིས་ཀྱི་ནང་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་ཐེངས་ལྔ་སྤེལ།
2023.04.03 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 13

པུར་ཀ་རི་ཡཱ་ཡིས་ཚེས་གཉིས་ཉིན་རྒྱལ་དམངས་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་སྤེལ་ཏེ། སྲིད་ཏང་བཅུ་བཞི་དང་སྲིད་ཏང་མནའ་འབྲེལ་བདུན་གྱིས་གྲོས་ཁང་གི་ལས་གནས་ཉིས་བརྒྱ་དང་བཞི་བཅུར་འགྲན་རྩོད་བྱས། དེ་ནི་པུར་ཀ་རི་ཡཱ་ཡིས་ལོ་ངོ་གཉིས་ཀྱི་ནང་སྤེལ་བའི་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་ཐེངས་ལྔ་བ་རེད།

ཉིན་དེའི་འདེམ་ཤོག་འཕེན་པའི་བྱ་འགུལ་དེ་སྔ་དྲོའི་དུས་ཚོད་བདུན་ནས་མགོ་བརྩམས་པ་དང་། དགོང་མོའི་དུས་ཚོད་བརྒྱད་བར་རྒྱུན་བསྲིངས། ཚོད་དཔག་བྱས་ན་འདེམ་ཤོག་འཕངས་པའི་མཇུག་འབྲས་དེ་ཚེས་དྲུག་ཉིན་ཁྱབ་བསྒྲགས་བྱེད་རྒྱུ་ཡིན་རེད། པུར་ཀ་རི་ཡཱའི་ཀྲུང་དབྱང་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་འདོན་སྤྲོད་བྱས་པའི་གཞི་གྲངས་ལས་མངོན་པལྟར་ན། པུར་ཀ་རི་ཡཱ་རྒྱལ་ཡོངས་སུ་འདེམ་ཤོག་འཕེན་ས་ཁྲི་གཅིག་དང་སྟོང་གཅིག་ལྷག་བཀོད་སྒྲིག་བྱས་ཡོད་པ་རེད།

པུར་ཀ་རི་ཡཱ་ཡིས་ཉིས་སྟོང་ཉེར་གཅིག་ལོའི་ཟླ་བཞི་བ་དང་ཟླ་བདུན་པར་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་ཐེངས་གཉིས་སྤེལ་མྱོང་ཡང་། དབང་འཛིན་ལས་ཁུངས་རྩ་འཛུགས་བྱེད་པའི་ཐོབ་ཐང་ཡོད་པའི་སྲིད་ཏང་དང་སྲིད་ཏང་མནའ་འབྲེལ་གྱིས་དབང་འཛིན་ལས་ཁུངས་རྩ་འཛུགས་བྱེད་མ་ཐུབ་པ་རེད། ཉིས་སྟོང་ཉེར་གཅིག་ལོའི་ཟླ་བཅུ་གཅིག་པར་ཡང་བསྐྱར་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་སྤེལ་ནས། སྔོན་ཆད་ཀྱི་ཙུང་ལི་ཕའེ་ཐི་ཁི་ཧྥུའུ་ཡིས་མགོ་ཁྲིད་པའི་ང་ཚོས་མུ་མཐུད་དུ་བཅོས་བསྒྱུར་བྱེད་ཅེས་པའི་མནའ་འབྲེལ་ལ་དབང་འཛིན་ལས་ཁུངས་རྩ་འཛུགས་བྱེད་པའི་དབང་ཆ་ཐོབ་སྟེ་རྩ་འཛུགས་བྱ་བ་ལེགས་འགྲུབ་བྱས། ཉིས་སྟོང་ཉེར་གཉིས་ལོའི་ཟླ་དྲུག་པར། པུར་ཀ་རི་ཡཱའི་གྲོས་ཁང་གིས་ཕའེ་ཐི་ཁི་ཧྥུའུ་སྲིད་གཞུང་ལ་ཡིད་མི་ཆེས་པའི་གྲོས་ཆོད་བཀོད་པ་དང་། ལོ་དེའི་ཟླ་བཅུ་བར་ཡང་བསྐྱར་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་སྤེལ་ཡང་དབང་འཛིན་ལས་ཁུངས་རྩ་འཛུགས་བྱེད་ཐུབ་མེད།

པུར་ཀ་རི་ཡཱའི་གྲོས་ཁང་གིས་གྲོས་ཁང་གཅིག་གི་ལམ་ལུགས་ལག་བསྟར་བྱེད་པ་དང་། ལོ་བཞིའི་ནང་འདེམ་བསྐོའི་བྱ་འགུལ་ཐེངས་རེ་སྤེལ་བཞིན་ཡོད་ལ། ཕྱེད་གྲངས་ཡན་གྱི་ལས་གནས་ཐོབ་པའི་སྲིད་ཏང་གིས་སྒེར་ཚུགས་སུ་དབང་འཛིན་ལས་ཁུངས་རྩ་འཛུགས་བྱས་ཆོག་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།