ཧྥུན་ལན་མི་རིགས་མཉམ་འབྲེལ་ཏང་ལ་གྲོས་ཁང་གི་འདེམ་བསྐོའི་ཁྲོད་རྒྱལ་ཁ་ཐོབ།
2023.04.04 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 26

ཟླ་བཞི་བའི་ཚེས་གཉིས་ཉིན། ཧྥུན་ལན་མི་རིགས་མཉམ་འབྲེལ་ཏང་གི་ཀྲུའུ་ཞི་ཨོ་ཨར་པའོ་ཡིས་ཧི་ཨར་ཞིན་ཅི་ནས་གསར་འགོད་པའི་བཅར་འདྲི་དང་ལེན་བྱས།

ཟླ་བཞི་བའི་ཚེས་གཉིས་ཉིན། ཧྥུན་ལན་གྱི་ཙུང་ལི། སྤྱི་ཚོགས་དམངས་གཙོ་ཏང་གི་ཀྲུའུ་ཞི་མཱ་ལིན་གྱིས་ཧི་ཨར་ཞིན་ཅི་ནས་གསར་འགོད་པའི་བཅར་འདྲི་དང་ལེན་བྱས།

ཧྥུན་ལན་གྱིས་ཚེས་གཉིས་ཉིན་ལོ་བཞིའི་ནང་ཐེངས་རེར་སྤེལ་བཞིན་པའི་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་སྤེལ། ཧྥུན་ལན་ཁྲིམས་འཛིན་པུའུ་ཡིས་ཉིན་དེའི་དགོང་མོར་ཁྱབ་བསྒྲགས་བྱས་པའི་ཐོག་མའི་བསྡོམས་རྩིས་མཇུག་འབྲས་ལྟར་ན། ཧྥུན་ལན་མི་རིགས་མཉམ་འབྲེལ་ཏང་ལ་འདེམ་བསྐོའི་ཁྲོད་རྒྱལ་ཁ་ཐོབ་ཡོད་པ་དང་། ཙུང་ལི་མཱ་ལིན་གྱིས་མགོ་ཁྲིད་པའི་སྤྱི་ཚོགས་དམངས་གཙོ་ཏང་ཕམ་པར་བྱས་ནས་གྲོས་ཁང་གི་ཏང་ཁག་ཆེན་པོ་དང་པོར་གྱུར་ཡོད་པ་རེད། འདེམ་ཤོག་ཚང་མ་རྩིས་ལེན་བྱས་རྗེས་ཀྱི་ཐོག་མའི་བསྡོམས་རྩིས་མཇུག་འབྲས་ལྟར་ན། མི་རིགས་མཉམ་འབྲེལ་ཏང་ལ་འདེམ་ཤོག་ཐོབ་ཚད་བརྒྱ་ཆའི་ཉི་ཤུ་དང་གྲངས་ཆུང་བརྒྱད་ཡིན་པ་དང་། གྲོས་ཁང་གི་ལས་གནས་ཉིས་བརྒྱའི་ཁྲོད་ཞེ་བརྒྱད་ཐོབ་ཡོད། ཨང་གཉིས་པ་ནི་ཧྥུན་ལན་པའི་ཏང་ཡིན་ལ། འདེམ་ཤོག་ཐོབ་ཚད་བརྒྱ་ཆའི་ཉི་ཤུ་དང་གྲངས་ཆུང་གཅིག་ཡིན་ལ། ལས་གནས་ཞེ་དྲུག་ཐོབ་ཡོད། ཨང་གསུམ་པ་ནི་སྤྱི་ཚོགས་དམངས་གཙོ་ཏང་ཡིན་པ་དང་། འདེམ་ཤོག་ཐོབ་ཚད་བརྒྱ་ཆའི་བཅུ་དགུ་དང་གྲངས་ཆུང་དགུ་ཡིན་ལ། ལས་གནས་ཞེ་གསུམ་ཐོབ་ཡོད་པ་རེད།

ཨང་རིམ་སྔོན་མ་གསུམ་གྱི་སྲིད་ཏང་ལ་ཐོབ་པའི་ལས་གནས་དེ་སྔོན་ཐེངས་དང་བསྡུར་ན་ཅུང་ཇེ་མང་དུ་སོང་ཡོད། མི་རིགས་མཉམ་འབྲེལ་ཏང་ལ་ལས་གནས་བཅུ་ཁ་སྣོན་བྱས་ཡོད་པ་དང་། ཧྥུན་ལན་པའི་ཏང་དང་སྤྱི་ཚོགས་དམངས་གཙོ་ཏང་ལ་སོ་སོར་ལས་གནས་བདུན་དང་གསུམ་ཇེ་མང་དུ་སོང་ཡོད། ཏང་ཁག་ཆུང་འབྲིང་དག་ལ་ཐེངས་འདིའི་འདེམ་བསྐོའི་ཁྲོད་ཡོངས་ཁྱབ་ཏུ་བཀག་རྒྱ་ཐེབས་ཡོད་པ་དང་། དེའི་ནང་དཀྱིལ་དབུས་ཏང་གི་འདེམ་ཤོག་ཐོང་ཚབ་ཆེས་ཉུང་ལ། ཐེངས་སྔོན་མའི་འདེམ་བསྐོ་དང་བསྡུར་ན་ལས་གནས་བརྒྱད་ཇེ་ཉུང་ལ་སོང་ཡོད།

མི་རིགས་མཉམ་འབྲེལ་ཏང་ལ་འདེམ་བསྐོའི་ཁྲོད་རྒྱལ་ཁ་ཐོབ་རྗེས། ཏང་དེའི་ཀྲུའུ་ཞི་ཨོ་ཨར་པའོ་ཡིས་ཙུང་ལིའི་འགན་ཁུར་ནས་སྐབས་གསར་བའི་མཉམ་འབྲེལ་སྲིད་གཞུང་རྩ་འཛུགས་བྱེད་རྒྱུ་རེད། གལ་ཏེ་དབང་འཛིན་ལས་ཁུངས་རྩ་འཛུགས་བྱེད་པའི་བྱ་བ་ལེགས་འགྲུབ་བྱུང་ན། སྲིད་གཞུང་གསར་བས་ད་ལོའི་ཟླ་ལྔ་བར་ལས་འགན་ཁུར་རྒྱུ་རེད།

ཨོ་ཨར་པའོ་ཡིས་བསྟན་དོན། ཐེངས་འདིར་རྒྱལ་ཁ་ཐོབ་པ་དེ་ཏང་ཁག་རང་ལ་མཚོན་ན་དོན་སྙིང་གལ་ཆེན་ལྡན་པ་དང་། ཁོ་རང་མཉམ་འབྲེལ་སྲིད་གཞུང་རྩ་འཛུགས་བྱེད་པའི་གྲོས་མོལ་ལ་ཡིད་ཆེས་ཀྱིས་ཁེངས་ཡོད་ཟེར། ཨོ་ཨར་པའོ་ཡིས་སྲིད་གཞུང་རྩ་འཛུགས་བྱེད་པའི་རེ་འདུན་གསལ་བོར་བསྒྲགས་མེད་ཀྱང་། སྲིད་གཞུང་གསར་བའི་ལས་འགན་གཙོ་བོ་ནི་དཔལ་འབྱོར་དར་སྤེལ་བྱེད་རྒྱུ་དེ་ཡིན་པའི་ཚུལ་བསྟན།


བསོད་ནམས་ཚེ་རིང་གིས་བསྒྱུར།