མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་གཉིས་ཉིན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཁེར་རྐྱང་གི་ནད་བྱུང་མཁན་ལ་སྔར་ལས་བཟོད་སྒོམ་དང་བཀག་མེད་ཞབས་ཞུ་འདོན་སྤྲོད་བྱེད་དགོས་པའི་འབོད་སྐུལ་བཏང་།
ཉིན་དེར་ཀུའུ་ཐི་ལོས་སི་ཡིས་འཛམ་གླིང་ཡོངས་ཀྱིས་ཁེར་རྐྱང་གི་ནད་ཀྱི་འདུ་ཤེས་ཇེ་མཐོར་གཏོང་བའི་ཉིན་མོར་ཞུ་ཚིག་འབུལ་སྐབས་བཤད་རྒྱུར། གྲུབ་འབྲས་གལ་ཆེན་བླངས་ཡོད་ཀྱང་དབང་བོ་སྐྱོན་ཅན་གྱི་ཁེ་དབང་སྤྱི་ཆིངས་དང་ཉིས་སྟོང་སུམ་ཅུ་ལོའི་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་ལྟར་ན། ཁེར་རྐྱང་གི་ནད་བྱུང་མཁན་དག་སྔར་བཞིན་སྤྱི་ཚོགས་དང་ཁོར་ཡུག་གི་བཀག་རྒྱར་འཕྲད་ཡོད། བཀག་རྒྱ་རེ་འགས་ཁོ་ཚོས་རང་སྟེང་གི་ཁེ་དབང་དང་གཞི་རྩའི་རང་དབང་ལག་བསྟར་བྱེད་པར་ཚད་བཀག་ཐེབས་ཡོད་ཟེར།
ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། སྔར་ལས་འབད་བརྩོན་བྱས་ནས་བཟོད་སྒོམ་རང་བཞིན་གྱི་སློབ་གསོ་དང་འདྲ་མཉམ་གྱི་ལས་ཞུགས་གོ་སྐབས་ཁྱབ་གདལ་དུ་བཏང་སྟེ་མི་རེ་རེའི་ཁོར་ཡུག་ལ་བརྩི་འཇོག་བྱེད་དགོས། བརྒྱུད་རིམ་དེའི་ཁྲོད་དུ་ཁྱིམ་ཚང་དང་བདག་སྐྱོང་མཁན། དེ་མིན་དྲ་རྒྱ་བཅས་ཀྱིས་ཁེར་རྐྱང་གི་མིའི་འཚོ་བའི་ཁྲོད་དུ་ནུས་པ་གལ་ཆེན་ཐོན་བཞིན་ཡོད་ཟེར།
ཀུའུ་ཐི་ལོས་སི་ཡིས་ནན་གྱིས་བསྟན་དོན། ངེས་པར་དུ་ཁེར་རྐྱང་གི་ནད་བྱུང་མཁན་གྱི་སྤྱི་ཚོགས་ཐད་ཀྱི་སྣ་མང་ཅན་གྱི་བྱས་རྗེས་ལ་ངོས་འཛིན་བྱེད་པ་དང་། མཉམ་དུ་འབད་བརྩོན་བྱས་ནས་མི་ཚང་མས་བཟོད་སྒོམ་ལྡན་ཞིང་བཀག་རྒྱ་མེད་པའི་འཇིག་རྟེན་ཞིག་འཛུགས་སྐྲུན་བྱེད་དགོས་ཟེར།
ཁེར་རྐྱང་གི་ནད་ནི་ཚབས་ཆེ་བའི་བསམ་བློའི་སྐྱེས་འཕེལ་གྱི་བཀག་རྒྱ་ཞིག་ཡིན་པ་དང་། ཁྱད་ཆོས་གཙོ་བོ་ནི་བརྩེ་དུང་ལ་སྣང་ཆུང་བྱེད་པ་དང་འབྲེལ་འདྲིས་མི་བྱེད་པ། སྐད་བརྡའི་སྐྱེས་འཕེལ་དལ་བ། བྱ་སྤྱོད་བསྐྱར་བཟླས་མང་བ་དང་། བྱ་འགུལ་དང་དགའ་ཕྱོགས་ཀྱི་ཁྱབ་ཁོངས་ལ་མངོན་གསལ་གྱིས་ཚད་བཀག་ཡོད་པ་སོགས་ཡིན། མིག་སྔར་ཁེར་རྐྱང་གི་ནད་ནི་འཛམ་གླིང་སྟེང་བྱུང་ཚད་ཆེས་མཐོ་ཞིང་མྱུར་བའི་ནད་ཅིག་ཏུ་གྱུར་ཡོད་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།