ཧན་གོའི་རྒྱལ་སྲུང་པུའུ་ཡིས་ཚེས་གསུམ་ཉིན་བསྟན་དོན། ཧན་གོ་དང་ཨ་མེ་རི་ཁ། འཇར་པན་བཅས་རྒྱལ་ཁབ་གསུམ་གྱིས་ཚེས་གསུམ་ཉིན་ནས་ཚེས་བཞི་ཉིན་བར་ཆུ་འཛུལ་གྲུ་གཟིངས་ལ་རྒོལ་བ་དང་རྒུད་སྐྱོབ་ཀྱི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་སྤེལ།
ཧན་གོའི་རྒྱལ་སྲུང་པུའུ་ཡིས་སྤེལ་བའི་གནས་ཚུལ་ལྟར་ན། ཐེངས་འདིའི་དམག་དོན་སྦྱོང་བརྡར་དེ་ཅི་ཀྲིག་ལྷོ་ཕྱོགས་ཀྱི་སྤྱི་བའི་མཚོ་ཁོངས་ནས་སྤེལ་བ་རེད། ཧན་གོའི་མཚོ་དམག་གིས་འཇིག་རྟེན་སྐྱོང་བའི་ཕུབ་ཅེས་པ་སོགས་ཀྱི་མཐར་བསྐྲོད་གྲུ་གཟིངས་དང་ཀྲའོ་དབྱང་ཞེས་པའི་མཁོ་སྒྲུབ་གྲུ་གཟིངས་མངག་ནས་དམག་དོན་སྦྱོང་བརྡར་ལ་ཞུགས་ཡོད་པ་དང་། ཨ་མེ་རི་ཁའི་མཚོ་དམག་གི་ནེ་མུས་ཙི་རྟགས་ཅན་གྱི་ཉིང་རྡུལ་སྒུལ་ཤུགས་ཅན་གྱི་གནམ་གྲུ་འབབ་སའི་གྲུ་གཟིངས་དང་། ཏིས་ཁའེ་ཐི་རྟགས་ཅན་དང་ཝེ་ཨིན་མཱེ་ཡེ་རྟགས་ཅན་གྱི་མཐར་བསྐྲོད་གྲུ་གཟིངས། དེ་མིན་འཇར་པན་གྱི་མཚོ་ཐོག་ཉེན་སྲུང་རུ་ཁག་གི་མཚོ་སྨུག་རྟགས་ཅན་གྱི་མཐར་བསྐྲོད་གྲུ་གཟིངས་དམག་དོན་སྦྱོང་བརྡར་ལ་ཞུགས་ཡོད།
ཧན་གོའི་རྒྱལ་སྲུང་པུའུ་ཡི་པུའུ་ཀྲང་གིས་བསྟན་དོན། དེ་ནི་ཧན་གོ་དང་ཨ་མེ་རི་ཁ། འཇར་པན་བཅས་ཀྱིས་ཉིས་སྟོང་ཉེར་གཉིས་ལོའི་ཟླ་དགུ་བའི་རྗེས་སུ་ཟླ་ངོ་དྲུག་གི་ནང་ཡང་བསྐྱར་སྤེལ་བའི་ཆུ་འཛུལ་གྲུ་གཟིངས་ལ་རྒོལ་བའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་ཅིག་ཡིན་པ་དང་། ཧན་གོ་དང་ཨ་མེ་རི་ཁ། འཇར་པན་བཅས་ཀྱིས་ད་རུང་མཉམ་འབྲེལ་གྱི་རྒུད་སྐྱོབ་སྦྱོང་བརྡར་ཡང་སྤེལ་ཏེ། རྒྱ་མཚོའི་གནོད་འཚེ་བྱུང་སྐབས་མྱུར་མོར་རྒུད་སྐྱོབ་བྱེད་པ་སོགས་ཀྱི་ལས་རིམ་ཁོང་དུ་ཆུད་པར་བྱེད་རྒྱུ་ཡིན། དེ་ནི་ཧན་གོ་དང་ཨ་མེ་རི་ཁ། འཇར་པན་བཅས་ཀྱིས་ལོ་ངོ་བདུན་གྱི་རྗེས་སུ་ཡང་བསྐྱར་རྒུད་སྐྱོབ་དམག་དོན་སྦྱོང་བརྡར་སྤེལ་བ་རེད།
ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་ཚེས་གཉིས་ཉིན་དཔྱད་བརྗོད་རྩོམ་ཡིག་སྤེལ་ཏེ། ཨ་མེ་རི་ཁ་དང་ཧན་གོའི་ཟླ་གསུམ་པའི་ཚུན་ལ་སྤེལ་བའི་རང་དབང་གི་ཕུབ་ཅེས་པ་སོགས་ཀྱི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་དང་། ཨ་མེ་རི་ཁ་དང་འཇར་པན། ཧན་གོག་བཅས་ཀྱིས་གཟའ་འཁོར་འདིའི་ནང་སྤེལ་རྩིས་ཡོད་པའི་མཉམ་འབྲེལ་མཚོ་ཐོག་གི་དམག་དོན་སྦྱོང་བརྡར་བཅས་ལ་རྒོལ་གཏམ་དྲག་པོ་བཏང་།
བསོད་ནམས་ཚེ་རིང་གིས་བསྒྱུར།