ཁོང་གོ་ཅིན་ནས་གྲུ་གཟིངས་ནུབ་པའི་དོན་རྐྱེན་ཞིག་བྱུང་སྟེ་ཉུང་མཐར་ཡང་མི་ཉི་ཤུ་རྐྱེན་ལམ་དུ་ཤོར།
2023.04.04 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 18

དངོས་ཟོང་དང་འགྲུལ་བ་མང་བོ་དྲུད་པའི་གྲུ་གཟིངས་ཤིག་ཚེས་གསུམ་ཉིན་གྱི་སྔ་དྲོར་ཁོང་གོ་ཅིན་ཤར་ངོས་ཀྱི་ཅི་ཝུའུ་མཚོ་ཁོངས་ནས་ནུབ་སྟེ་ཉུང་མཐར་ཡང་མི་ཉི་ཤུ་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་ལྔ་བཅུ་གར་སོང་རྙེད་མེད་ཟེར།

ཁོང་གོ་ཅིན་གྱི་ས་གནས་དཔོན་རིགས་ཀྱིས་ཚེས་གསུམ་ཉིན་བཤད་རྒྱུར། དོན་རྐྱེན་བྱུང་བའི་གྲུ་གཟིངས་དེ་ཅི་ཝུའུ་ལྷོ་མ་ཞིང་ཆེན་ནས་ལམ་དུ་ཆས་ཏེ་ཅི་ཝུའུ་བྱང་མ་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ཀི་མཱ་རུ་འགྲོ་བཞིན་ཡོད་ཟེར། དཔོན་རིགས་དེས་གྲུ་གཟིངས་སྟེང་དུ་མི་གྲངས་ཚོད་ཡོད་པ་དང་དོན་རྐྱེན་དེའི་འབྱུང་རྐྱེན་གསལ་བོར་བཤད་མེད།

ས་དེའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། དོན་རྐྱེན་བྱུང་བའི་གྲུ་གཟིངས་དེ་ཐེག་ཚད་ལས་བརྒལ་ཡོད་པ་དང་། ཧ་ལམ་འགྲུལ་བ་བརྒྱ་དང་ལྔ་བཅུ་ཙམ་དྲུད་ཡོད་ལ། ལམ་དུ་ཆས་རྗེས་ནམ་ཟླ་མི་ལེགས་པ་དང་འཕྲད་ནས་མཚོར་ནུབ་པ་རེད། མིག་སྔར་རྒུད་སྐྱོབ་བྱ་བ་མུ་མཐུད་དུ་སྤེལ་བཞིན་ཡོད།

ཁོང་གོ་ཅིན་གྱི་མངའ་ཁོངས་སུ་མཚོ་དང་གཙང་ཆབ་མང་བོ་ཡོད་པ་དང་། གྲུ་གཟིངས་ལ་སྡོད་པ་ནི་ས་དེའི་སྡོད་དམངས་ཀྱི་འགྲུལ་བཞུད་བྱེད་ཐབས་གཙོ་བོ་ཞིག་ཡིན་པ་རེད། གྲུ་གཟིངས་རྙིང་ཞན་ཡིན་པ་དང་ཐེག་ཚད་ལས་བརྒལ་བ་སོགས་ནི་གྲུ་གཟིངས་ནུབ་པའི་དོན་རྐྱེན་གྱི་འབྱུང་རྐྱེན་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།