ཨུ་རུ་སིའི་ཁུངས་སྣེ་དང་དོན་དངོས་ཞེས་པའི་གཟའ་འཁོར་ཚགས་པར་གྱིས་ཚེས་བཞི་ཉིན་བསྒྲགས་པ་ལྟར་ན། ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཚགས་པར་དེའི་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། ཨུ་རུ་སིའི་ཕྱོགས་ཀྱིས་རང་གི་ཁེ་ཕན་ལ་བསམ་བློ་བཏང་བའི་འདྲ་མཉམ་གྱི་རྨང་གཞིའི་སྟེང་ནུབ་ཕྱོགས་རྒྱལ་ཁབ་བར་འབྲེལ་འདྲིས་བྱས་ཏེ། ཡོ་རོབ་གླིང་དང་ནུབ་ཀྱི་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་གནས་བབ་ལེགས་བཅོས་བྱེད་འདོད་ཡོད་ལ། རྒྱང་རིང་ལ་དམིགས་ནས་ཉིང་རྡུལ་ནུས་པའི་ཉེན་ཁ་ཇེ་དམའ་རུ་འགྲོ་འདོད་ཡོད་ཟེར།
ལཱ་ཧྥུའུ་ལོ་ཧྥུའུ་ཡིས་བཤད་རྒྱུར། ཨུ་རུ་སིའི་ཕྱོགས་ཀྱིས་ཡང་དང་བསྐྱར་དུ་མིག་སྔའི་རྒྱལ་སྤྱིའི་གནད་དོན་ཐག་གཅོད་བྱེད་པའི་འཛུགས་སྐྲུན་རང་བཞིན་གྱི་གྲོས་གཞི་བཏོན་ནས། དངོས་གཉེར་དང་ཆབ་སྲིད་ཅན་མིན་པའི་གྲོས་གཞི་བཏོན་ཡོད། དེའི་ནང་ཉིས་སྟོང་ཉེར་གཅིག་ལོའི་ཟླ་བཅུ་གཉིས་པར་བཏོན་པའི་བདེ་འཇགས་འགན་སྲུང་གྲོས་གཞི་སོགས་འདུས། ཡིན་ཡང་ཨུ་རུ་སིའི་ཕྱོགས་ཀྱི་གྲོས་གཞི་དག་ལ་ཝ་ཧྲིན་ཐོན་དང་པུའུ་ལུའུ་སེར་ཕྱོགས་ཀྱིས་སྣང་ཆུང་བྱེད་པའམ་ཡང་ན་ལྡོག་ཕྱོགས་ཀྱི་ལན་ཙམ་ལས་ཅི་ཡང་འབྱོར་མེད་ཟེར།
ལཱ་ཧྥུའུ་ལོ་ཧྥུའུ་ཡིས་བསྟན་དོན། ནུབ་ཕྱོགས་རྒྱལ་ཁབ་དག་ནམ་རྒྱུན་ཨུ་རུ་སིར་བཀག་སྡོམ་བྱེད་པའི་བྱེད་ཐབས་གསར་བར་བྲེལ་བཞིན་ཡོད་པ་དང་། ལམ་ཐིག་དེའི་ཉེན་ཁའི་རང་བཞིན་གསལ་བོར་མཐོང་ཐུབ་པ་ཞིག་རེད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།