ཧྥུན་ལན་དངོས་སུ་བྱང་ཆིངས་རྩ་འཛུགས་ནང་ཞུགས།
2023.04.05 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 41

ཟླ་བཞི་བའི་ཚེས་བཞི་ཉིན། པུ་ལི་ཧྲིའི་པུའུ་ལུའུ་སེར་དུ་ཡོད་པའི་བྱང་ཆིངས་རྩ་འཛུགས་ཀྱི་སྤྱི་ཁྱབ་པུའུ་ནས། བྱང་ཆིངས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་སི་ཐའོ་ཨར་ཐིན་པེ་ཀི་ཡིས་ཧྥུན་ལན་བྱང་ཆིངས་རྩ་འཛུགས་སུ་ཞུགས་པའི་མཛད་སྒོའི་སྟེང་གཏམ་བཤད་སྤེལ་བཞིན་པ།

ཟླ་བཞི་བའི་ཚེས་བཞི་ཉིན། པུ་ལི་ཧྲིའི་པུའུ་ལུའུ་སེར་དུ་ཡོད་པའི་བྱང་ཆིངས་རྩ་འཛུགས་ཀྱི་སྤྱི་ཁྱབ་པུའུ་ནས། ཧྥུན་ལན་གྱི་ཙུང་ཐུང་ནེ་ནེ་སི་ཐའོ་ཡིས་ཧྥུན་ལན་བྱང་ཆིངས་རྩ་འཛུགས་སུ་ཞུགས་པའི་མཛད་སྒོའི་སྟེང་གཏམ་བཤད་སྤེལ་བཞིན་པ།

ཟླ་བཞི་བའི་ཚེས་བཞི་ཉིན། པུ་ལི་ཧྲིའི་པུའུ་ལུའུ་སེར་དུ་ཡོད་པའི་བྱང་ཆིངས་རྩ་འཛུགས་ཀྱི་སྤྱི་ཁྱབ་པུའུ་ནས། ཧྥུན་ལན་གྱི་ཙུང་ཐུང་ནེ་ནེ་སི་ཐའོ་དང་བྱང་ཆིངས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་སི་ཐའོ་ཨར་ཐིན་པེ་ཀི་གཉིས་ཀྱིས་སྨྱན་བྱད་ལ་གཏམ་བཤད་སྤེལ་བཞིན་པ།

ནུབ་ཀྱི་རྒྱ་མཚོ་ཆེན་མོ་བྱང་མའི་སྤྱི་ཆིངས་རྩ་འཛུགས་ཀྱིས་ཚེས་བཞི་ཉིན་གྱི་ཕྱི་དྲོར་པུའུ་ལུའུ་སེར་དུ་ཡོད་པའི་སྤྱི་ཁྱབ་པུའུ་ནས་ཧྥུན་ལན་བྱང་ཆིངས་རྩ་འཛུགས་སུ་ཞུགས་པའི་མཛད་སྒོ་སྤེལ། ཧྥུན་ལན་བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་སོ་གཅིག་པར་གྱུར་བ་རེད།

ཉིན་དེའི་སྔ་དྲོར། ཧྥུན་ལན་གྱི་ཕྱི་འབྲེལ་བློན་ཆེན་ཧཱ་ཝེ་སི་ཐའོ་ཡིས་བྱང་ཆིངས་རྩ་འཛུགས་ཀྱི་ཡིག་ཆའི་བདག་དམ་རྒྱལ་ཁབ་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་པུའུ་ལིན་ཁུན་ལ་ཧྥུན་ལན་བྱང་ཆིངས་རྩ་འཛུགས་སུ་ཞུགས་པའི་ཡིག་ཆ་སྤྲད་པ་དང་། དེ་ལས་ཧྥུན་ལན་དངོས་སུ་བྱང་ཆིངས་རྩ་འཛུགས་ནང་ཞུགས་པ་མཚོན་ཡོད། ཧྥུན་ལན་གྱི་ཙུང་ཐུང་ནེ་ནེ་སི་ཐའོ་ཡིས་ཉིན་དེར་བྱང་ཆིངས་རྩ་འཛུགས་ནང་ཞུགས་པའི་མཛད་སྒོའི་སྟེང་བཤད་རྒྱུར། ཧྥུན་ལན་བྱང་ཆིངས་རྩ་འཛུགས་ནང་ཞུགས་པ་ལས་རྒྱལ་ཁབ་དེའི་དམག་དོན་མནའ་འབྲེལ་མི་འཛུགས་པའི་དུས་རབས་མཇུག་སྒྲིལ་བ་མཚོན་ཡོད་ཟེར།

བྱང་ཆིངས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་སི་ཐའོ་ཨར་ཐིན་པེ་ཀི་ཡིས་མཛད་སྒོའི་སྟེང་བཤད་རྒྱུར། དེ་ནི་བྱང་ཆིངས་རྩ་འཛུགས་ཀྱི་ལོ་རྒྱུས་སྟེང་ཆེས་མགྱོགས་པའི་བྱང་ཆིངས་རྩ་འཛུགས་ནང་ཞུགས་པའི་ལས་རིམ་ཞིག་ཡིན་པ་དང་། སུའེ་ཏེན་ཀྱང་མི་འགྱངས་པར་བྱང་ཆིངས་རྩ་འཛུགས་སུ་ཞུགས་པར་རེ་སྒུག་བྱས་ཡོད་པའི་ཚུལ་བསྟན།

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ཡོ་རོབ་གླིང་བྱང་མ་ནི་སྔོན་ཆད་འཛམ་གླིང་སྟེང་ཆེས་གཏན་འཇགས་ཀྱི་ས་ཁུལ་ཞིག་ཡིན། ཧྥུན་ལན་བྱང་ཆིངས་རྩ་འཛུགས་སུ་ཞུགས་པ་དང་བསྟུན་ནས། ས་ཁུལ་དེའི་གནས་བབ་ལ་རྩ་བའི་འགྱུར་ལྡོག་འབྱུང་སྲིད་ལ། ཧྥུན་ལན་བྱང་ཆིངས་རྩ་འཛུགས་སུ་ཞུགས་པ་ལས་ཨུ་རུ་སི་དང་ཧྥུན་ལན་གྱི་འབྲེལ་བར་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་ཐེབས་སྲིད་ཟེར། ཨུ་རུ་སིའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཕའེ་སི་ཁི་ཧྥུའུ་ཡིས་ཉིན་དེར་བསྟན་དོན། བྱང་ཆིངས་རྩ་འཛུགས་ཀྱི་རྒྱ་བསྐྱེད་དེ་ཨུ་རུ་སིའི་བདེ་འཇགས་དང་ཁེ་ཕན་ལ་མཚོན་ན་གཏོར་བརླག་ཅིག་ཡིན། ཨུ་རུ་སིའི་ཕྱོགས་ཀྱིས་ཕྱིར་རྒོལ་གྱི་བྱེད་ཐབས་སྤྱད་དེ། འཐབ་རྩལ་དང་འཐབ་ཇུས་ཐད་ནས་རང་ཉིད་ཀྱི་བདེ་འཇགས་ལ་འགན་སྲུང་བྱེད་རྒྱུ་ཡིན་ཟེར།

སྲིད་གཞུང་མ་ཡིན་པའི་རྩ་འཛུགས་ཧྥུན་ལན་ཞི་བདེ་ཨུ་ཡོན་ལྷན་ཁང་གིས་ཉིན་དེར་དྲ་ཚིགས་སུ་རྩོམ་ཡིག་སྤེལ་ཏེ། དྲག་ཆས་དང་དམག་དོན་མནའ་འབྲེལ་གྱིས་ཞི་བདེ་ལ་སྐུལ་འདེད་གཏོང་མི་ཐུབ་པ་དང་། ཞི་བདེ་མངོན་འགྱུར་བྱེད་དགོས་ན་ཕྱི་འབྲེལ་དང་ཞི་བདེའི་གྲོས་མོལ། དེ་མིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲོམ་གཞིའི་ནང་གྲོས་མཐུན་རྨང་གཞིར་བྱས་པའི་མཉམ་ལས་སླར་གསོ་བྱེད་པ་བཅས་མཁོ་གལ་ཆེ་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།