མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ལི་པུ་ཡཱའི་སྨིད་ངོས་སྙོམས་གྲུ་བཞི་མ་བྱེ་བ་གཅིག་དང་ས་ཡ་ལྔའི་ས་ཁོངས་སུ་སྔར་བཞིན་འཐབ་འཁྲུག་ལས་བཞག་པའི་འགད་རྫས་ཀྱི་ཤུགས་རྐྱེན་ཐེབས་བཞིན་ཡོད་པའི་ཚུལ་བསྟན།
2023.04.05 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 17

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལི་པུ་ཡཱའི་རོགས་སྐྱོར་ཆེད་མངག་ཚོགས་པས་ཚེས་བཞི་ཉིན་གསལ་སྒྲོག་སྤེལ་ཏེ། ལི་པུ་ཡཱའི་སྨིད་ངོས་སྙོམས་གྲུ་བཞི་མ་བྱེ་བ་གཅིག་དང་ས་ཡ་ལྔའི་ས་ཁོངས་སུ་སྔར་བཞིན་འཐབ་འཁྲུག་ལས་བཞག་པའི་འགད་རྫས་ཀྱི་ཤུགས་རྐྱེན་ཐེབས་བཞིན་ཡོད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། ཟླ་བཞི་བའི་ཚེས་བཞི་ཉིན་ནི་རྒྱལ་སྤྱིའི་ས་འོག་འགད་རྫས་ཀྱི་འདུ་ཤེས་མཐོར་འདེགས་དང་ས་འོག་འགད་རྫས་ཀྱི་རོགས་འདེགས་འགུལ་སྐྱོད་ཉིན་མོ་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལི་པུ་ཡཱའི་རོགས་སྐྱོར་ཆེད་མངག་ཚོགས་པས་ཉིས་སྟོང་ཉེར་གཉིས་ལོར་ལི་པུ་ཡཱ་རུ་འཐབ་འཁྲུག་ལས་བསྐྱུར་བའི་འགད་རྫས་ཀྱིས་མི་བཅུ་དགུ་རྐྱེན་ལམ་དུ་ཤོར་བ་དང་། དེའི་ནང་མི་བཅུ་བཞི་བྱིས་པ་རེད། འཐབ་འཁྲུག་ལས་བསྐྱུར་བའི་འགད་རྫས་དེས་ལི་པུ་ཡཱའི་མི་དམངས་ཀྱི་ཚེ་སྲོག་དང་དུས་རྒྱུན་གྱི་འཚོ་བར་འཇིགས་ཉེན་བཟོ་བཞིན་ཡོད་པ་དང་། མང་ཚོགས་དག་ལ་བདེ་འཇགས་ཀྱི་སློབ་གསོ་མྱོང་བ་དང་སྨན་བཅོས་བྱེད་པ། འཕེལ་རྒྱས་བཅས་འབྱུང་བའི་གོ་སྐབས་ཐོབ་པར་བཀག་རྒྱ་བཟོས་ཡོད་པར་མ་ཟད། འཐབ་འཁྲུག་མཚམས་བཞག་རྗེས་མུ་མཐུད་དུ་མི་སྣར་ཤི་རྨས་བྱུང་ཡོད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། ལི་པུ་ཡཱ་ཡིས་ས་འོག་འགད་རྫས་གཙང་སེལ་བྱེད་པའི་འགུལ་སྐྱོད་ཀྱི་མཉམ་ལས་གྲོགས་པོས་ཉིས་སྟོང་ཉེར་གཉིས་ལོར་ཏི་ལེ་པའོ་ལི་དང་མུས་སུའུ་ལཱ་ཐཱ། པན་ཅཱ་ཞི། སུའུ་ཨར་ཐི་སོགས་གྲོང་ཁྱེར་ནས་བསྡོམས་པས་འགད་རྫས་ཁྲི་གཉིས་དང་སྟོང་བདུན་བཞི་བརྒྱ་གཙང་སེལ་བྱས་ཡོད་ལ། སྔར་བཞིན་བྱ་བ་མང་བོ་བསྒྲུབ་དགོས་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་ལི་པུ་ཡཱའི་གནད་དོན་གྱི་དམིགས་བསལ་འཐུས་མི་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལི་པུ་ཡཱའི་རོགས་སྐྱོར་ཆེད་མངག་ཚོགས་པའི་ཚོགས་གཙོ་པཱ་ཏིས་ལེ་ཡིས་གསལ་སྒྲོག་ནང་བཤད་རྒྱུར། ས་འོག་འགད་རྫས་གཙང་སེལ་བྱེད་པའི་འགུལ་སྐྱོད་ནི་ལི་པུ་ཡཱ་ཞི་བདེ་དང་གཏན་འཇགས་སུ་བགྲོད་པའི་ཐབས་ལམ་གལ་ཆེན་ཞིག་ཡིན་པ་དང་། ལི་པུ་ཡཱའི་མི་དམངས་ལ་གཏན་འཇགས་ཀྱི་འཚོ་སྡོད་དབང་ཆ་ཐོབ་པའི་འགན་སྲུང་གལ་ཆེན་ཞིག་ཀྱང་རེད་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱིས་ཉིས་སྟོང་ལྔ་ལོའི་ཟླ་བཅུ་གཉིས་པའི་ཚེས་བརྒྱད་ཉིན་ལོ་རེའི་ཟླ་བཞི་བའི་ཚེས་བཞི་ཉིན་ནི་རྒྱལ་སྤྱིའི་ས་འོག་འགད་རྫས་ཀྱི་འདུ་ཤེས་མཐོར་འདེགས་དང་ས་འོག་འགད་རྫས་ཀྱི་རོགས་འདེགས་འགུལ་སྐྱོད་ཉིན་མོར་གཏན་འཁེལ་བྱས་པ་ཁྱབ་བསྒྲགས་བྱས།


བསོད་ནམས་ཚེ་རིང་གིས་བསྒྱུར།