ཟླ་བཞི་པའི་ཚེས་ལྔ་ཉིན། རྒྱལ་སྲིད་ཨུ་ཡོན་དང་ཕྱི་འབྲེལ་པུའུ་ཀྲང་ཆིན་ཀང་གིས་པེ་ཅིང་དུ། ཧིན་རྡུ་ཉི་ཞི་ཡའི་ཀྲུང་གོར་མཉམ་ལས་བྱེད་པའི་སྣེ་ཁྲིད་པ། གཅིག་གྱུར་བཀོད་འདོམས་པུའུ་ཀྲང་ལུའུ་ཧུའུ་ཐི་དང་ཧྥ་རན་སིའི་ཕྱི་འབྲེལ་པུའུ་ཀྲང་ཁི་ལུང་ནཱ་གཉིས་ལ་ཐུག་འཕྲད་བྱས།
ལུའུ་ཧུའུ་ཐི་ལ་ཐུག་འཕྲད་བྱེད་སྐབས་ཆིན་ཀང་གིས་བཤད་རྒྱུར། ད་ལོ་ནི་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡས་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་ནས་ལོ་བཅུ་འགོར་བའི་ལོ་དང་། ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་ལས་སྐལ་གཅིག་མཐུན་ཚོགས་པ་མཉམ་སྐྲུན་བྱེད་པའི་ལོའང་ཡིན་པས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ལོ་རྒྱུས་ཀྱི་མགོ་རྩོམ་ས་གསར་བར་གནས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧིན་རྡུ་ཉི་ཞི་ཡ་དང་མཉམ་དུ། རྒྱལ་ཁབ་གཉིས་ཀྱི་དབུ་གཙོས་བཏོན་པའི་འཐབ་ཇུས་སྣེ་ཁྲིད་ལ་བརྩི་འཇོག་དང་། འཐུས་ཇུས་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་གཏོང་བ། དངོས་གཉེར་མཉམ་ལས་ལ་ཤུགས་སྣོན་པ། མཉམ་དུ་ལག་རྡང་སྦྲེལ་ནས་དེང་རབས་ཅན་དུ་བསྐྱོད་པ་དང་། ས་ཁུལ་གྱི་འཕེལ་རྒྱས་དང་དར་རྒྱས་ལ་མཉམ་དུ་སྐུལ་འདེད་གཏོང་རྒྱུར་འཐད་པ་ཡིན་ཟེར།
ལུའུ་ཧུའུ་ཐི་ཡིས་བཤད་རྒྱུར། ཧིན་རྡུ་ཉི་ཞི་ཡས་ཀྲུང་གོའི་བར་ཕན་ཚུན་བརྩི་འཇོག་དང་། ཚད་མཐོའི་ཡིད་ཆེས་བྱས་ཡོད། ཧིན་རྡུ་ཉི་ཞི་ཡ་ཀྲུང་གོ་ཕྱོགས་དང་མཉམ་དུ་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་འཐད་པ་ཡིན། ཀྲུང་གོ་ཕྱོགས་དང་མཉམ་དུ་ཝན་ལུང་སྙིང་སྟོབས་རྒྱུན་འཛིན་དང་། ལག་རྡང་སྦྲེལ་ནས་འཛམ་གླིང་ལྷོ་རྒྱུད་རྒྱལ་ཁབ་བར་གྱི་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པའི་རེ་བ་ཡོད་ཟེར།
ཁི་ལུང་ནཱ་དང་ཐུག་འཕྲད་བྱེད་སྐབས་ཆིན་ཀང་གིས་བཤད་རྒྱུར། ཙུང་ཐུང་མ་ཁི་ལུང་ཀྲུང་གོར་འཚམས་འདྲིར་ཡོང་བར་ཀྲུང་གོ་ཕྱོགས་ཀྱིས་ཚད་མཐོའི་མཐོང་ཆེན་བྱས་ཡོད། ཧྥན་རན་སི་དང་མཉམ་དུ་ཐེངས་འདིའི་འཚམས་འདྲི་ལས་གྲུབ་འབྲས་གཡུར་དུ་ཟ་བ་ལོན་པར་སྐུལ་འདེད་གཏོང་བ་དང་། ཀྲུང་གོ་དང་ཧྥ་རན་སིའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་དང་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ལ་སྣེ་ཁྲིད་བྱས་ཏེ་སྔར་ལས་མཐོ་བའི་ཆུ་ཚད་དུ་སླེབས་རྒྱུར་འཐད་པ་ཡིན། སང་ལོ་ནི་ཀྲུང་གོ་དང་ཧྥ་རན་སིའི་བར་འབྲེལ་བ་བཙུགས་ནས་ལོ་དྲུག་ཅུ་འཁོར་བའི་ལོ་དང་ཀྲུང་གོ་དང་ཧྥ་རན་སིའི་རིག་གནས་ཡུལ་སྐོར་ལོའང་ཡིན་པས། ཀྲུང་གོ་ཕྱོགས་ཀྱིས་ཧྥ་རན་སི་དང་མཉམ་དུ་རྟེན་འབྲེལ་བྱ་འགུལ་རབ་དང་རིམ་པ་དང་ཆུ་ཚད་མཐོ་བའི་མི་གཞུང་བརྗེ་རེས་བྱ་འགུལ་སྤེལ་རྒྱུ་མ་ཟད། རིམ་པ་སོ་སོ་དང་ཁྱབ་ཁོངས་སོ་སོ། སྡེ་ཁག་སོ་སོའི་བར་གྱི་མཉམ་ལས་ལ་སྐུལ་འདེད་བཏང་ནས། ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོབ་བྱེད་རྒྱུར་འཐད་པ་ཡིན་ཟེར།
ཁི་ལུང་ནཱ་ཡིས་བཤད་རྒྱུར། ཧྥ་རན་སི་ཕྱོགས་ཀྱིས་འཐབ་ཇུས་དང་མིག་རྒྱང་རིང་བའི་སྒོ་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་ལྟ་སྟངས་བཟུང་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཙུང་ཐུང་མ་ཁི་ལུང་འཚམས་འདྲིར་ཡོང་བར་བཀོད་སྒྲིག་ཞིབ་ཚགས་བྱས་པར་བཀའ་དྲིན་ཆེ་ཞུ། ཧྥ་རན་སི་ཕྱོགས་ཀྱིས་རང་བདག་ཇུས་ཆོད་རྒྱུན་འཁྱོངས་བྱས་ཏེ། ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་པྲོག་གསར་གློ་ཚད་རིམས་ནད་རྗེས་སུ་ཕྱོགས་ཡོངས་ནས་མགོ་བརྩམས་ཏེ་དཔལ་འབྱོར་ཉོ་ཚོང་དང་མི་གཞུང་སོགས་ཀྱི་ཁྱབ་ཁོངས་མཉམ་ལས་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་། གོ་ལ་ཧྲིལ་བོའི་འགྲན་སློང་ལ་མཉམ་དུ་ཁ་གཏད་འཇལ་རྒྱུར་འཐད་པ་ཡིན་ཟེར།
རིག་འཛིན་སྒྲོལ་མས་བསྒྱུར།