རྒྱལ་ཡོངས་དམངས་ཆེན་ཕྱི་དོན་ཨུ་ཡོན་ལྷན་ཁང་གིས་ཨ་མེ་རི་ཁའི་རྒྱལ་ཚོགས་ཀྱི་གྲོས་ཁང་འོག་མའི་དཔོན་པོ་མེ་ཁ་ཞི་དང་ཚའེ་དབྱིན་ཝུན་ཐུག་འཕྲད་བྱས་པའི་ཐད་གསལ་བསྒྲགས་སྤེལ།
2023.04.06 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 36

ཟླ་བཞི་པའི་ཚེས་དྲུག་ཉིན།  རྒྱལ་ཡོངས་དམངས་ཆེན་ཕྱི་དོན་ཨུ་ཡོན་ལྷན་ཁང་གིས་ཨ་མེ་རི་ཁའི་རྒྱལ་ཚོགས་ཀྱི་གྲོས་ཁང་འོག་མའི་དཔོན་པོ་མེ་ཁ་ཞི་དང་ཚའེ་དབྱིན་ཝུན་ཐུག་འཕྲད་བྱས་པའི་ཐད་གསལ་བསྒྲགས་སྤེལ། ནང་དོན་ཆ་ཚང་གཤམ་གསལ་ལྟར།

ཟླ་བཞི་པའི་ཚེས་དྲུག་ཉིན། ཨ་མེ་རི་ཁའི་རྒྱལ་ཚོགས་ཀྱི་གྲོས་ཁང་འོག་མའི་གྲོས་དཔོན་མེ་ཁ་ཞི་སོགས་རྒྱལ་ཚོགས་ཀྱི་ཚོགས་མིས་ཀྲུང་གོ་ཕྱོགས་ཀྱིས་ངོ་རྒོལ་དྲག་པོ་བྱས་པར་མ་འཛེམ་པར་མངའ་ཁོངས་བརྒལ་ནས་ཨ་མེ་རི་ཁར་ཐོན་པའི་ཐེ་ཝན་ས་ཁུལ་གྱི་མགོ་ཁྲིད་ཚའེ་དབྱིན་ཝུན་ལ་ཐུག་འཕྲད་བྱས། བྱེད་ཕྱོགས་འདི་ཀྲུང་གོ་གཅིག་གི་རྩ་དོན་དང་། ཀྲུང་གོ་དང་ཨ་མེ་རི་ཁའི་མཉམ་འབྲེལ་སྤྱི་བསྒྲགས་གསུམ་གྱི་གཏན་ཁེལ་དང་འགལ་ཡོད་ལ།  རྒྱལ་སྤྱིའི་ཁྲིམས་དང་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་སྒྲིག་སྲོལ་ལ་གཏོར་བརླག་ཚབས་ཆེན་བཟོས་ཡོད་ལ། ཀྲུང་གོ་ཕྱོགས་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་བར་གནོད་པ་ཚབས་ཆེན་བཟོས་ཡོད། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་དོན་དེར་ངོ་རྒོལ་དྲག་པོ་བྱེད་བཞིན་ཡོད་པར་མ་ཟད། རྒོལ་གཏམ་དྲག་པོ་གཏོང་བཞིན་ཡོད།

འཛམ་གླིང་སྟེང་ཀྲུང་གོ་གཅིག་མ་གཏོགས་མེད་ལ། ཐེ་ཝན་ནི་ཀྲུང་གོའི་མངའ་ཁོངས་བསྙོན་མེད་ཅིག་ཡིན་ལ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་ནི་ཀྲུང་གོ་ཧྲིལ་བོའི་ཚབ་བྱེད་པའི་ཁྲིམས་མཐུན་སྲིད་གཞུང་གཅིག་པུ་ཡིན། ཁེ་ལོ་བསྒྲགས་གཏམ་དང་པོ་ཚི་ཐན་སྤྱི་བསྒྲགས་འདུས་པའི་རྒྱལ་སྤྱིའི་ཁྲིམས་དོན་ཡིག་ཆ་ཚང་མས་ཀྲུང་གོའི་ཐེ་ཝན་བདག་དབང་གསལ་སྟོན་བྱས་ཡོད། ཐེ་ཝན་ནི་ཀྲུང་གོའི་ཆ་ཤས་ཤིག་ཡིན་པ་ལས་རྒྱལ་སྤྱིའི་ཁྲིམས་མཐུན་གྱི་གོ་གནས་ཤིག་མེད། ཨ་མེ་རི་ཁའི་གྲོས་ཁང་འོག་མའི་གྲོས་དཔོན་ཁ་མེ་ཞི་ཨ་མེ་རི་ཁའི་ཆབ་སྲིད་མི་སྣ་གསུམ་པ་ཡིན་པའི་ངོས་ནས་ཁོའི་བྱ་སྤྱོད་ཀྱིས་ཨ་མེ་རི་ཁའི་ཐེ་ཝན་གནད་དོན་ཐད་ནས་ཀྲུང་གོར་ཁས་བླངས་པའི་དམ་བཅའ་དང་རིང་དུ་འགལ་བ་དང་། ཐེ་ཝན་ཁ་བྲལ་གྱི་སྟོབས་ཤུགས་ཐད་ནོར་འཁྲུལ་གྱི་བརྡ་རྟགས་ཚབས་ཆེན་བཏང་ཡོད།  དེ་ནི་ལོ་རྒྱུས་དོན་དངོས་དང་བདེན་དོན་ལ་རྡོག་རྫིས་བཏང་བ་ཡིན་ལ། རྒྱལ་སྤྱིའི་ཁྲིམས་སྐྱོང་ལ་གཏོར་བརླག་བཟོས་པ་རེད།

ཀྲུང་གོའི་བདག་དབང་དང་མངའ་ཁོངས་ཆ་ཚང་བར་ཐེ་གཏོགས་དང་ཁ་བྲལ་གཏོང་མི་རུང་། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱིས་གཏན་ཁེལ་ལག་བསྟར་བྱས་པའི་རྒྱལ་ཁབ་ཁ་བྲལ་ལ་ངོ་རྒོལ་བྱེད་པའི་ཁྲིམས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་དང་ཐེ་ཝན་རང་བཙན་ཁ་བྲལ་ལ་བཀག་འགོག་བྱེད་པ། ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་ཐེ་ཝན་གནད་དོན་སོགས་གནད་དོན་གལ་ཆེན་ལ་ཐེ་གཏོགས་བྱེད་པར་ངོ་རྒོལ་བྱེད་པ་གསལ་བོར་བསྟན་ཡོད། རྣམ་པ་གང་རུང་གི་ཐེ་ཝན་ལ་བརྟེན་ནས་ཀྲུང་གོར་ཚོད་འཛིན་བྱེད་པའམ་ཐེ་ཝན་རང་བཙན་ལ་རྒྱབ་སྐྱོར་བྱེད་པའི་སྟོབས་ཤུགས་གང་ཡིན་ཡང་མཐའ་མར་ཕམ་ཁ་མྱངས་ངེས་པ་ཤ་སྟག་ཡིན་ལ། རྣམ་པ་གང་རུང་གི་ཕྱི་ཕྱོགས་ལ་བརྟེན་ནས་རང་བཙན་བྱེད་འདོད་པའམ་མེས་རྒྱལ་གཅིག་གྱུར་ལ་གཏོར་བརླག་གཏོང་བའི་བྱ་སྤྱོད་ལ་ཁྲིམས་ལུགས་ཀྱིས་སྡོམ་གཅུན་བྱེད་ངོས།

ཐེ་ཝན་གནད་དོན་ནི་ཀྲུང་གོའི་རྩ་བའི་ཁེ་ཕན་ཁྲོད་ཀྱི་ནང་སྙིང་ཡིན་ལ། ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བའི་ཆབ་སྲིད་རྨང་གཞིའི་ཁྲོད་ཀྱི་གཞི་རྩ་ཡིན་ཞིང་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བའི་བརྒལ་མི་ཉན་པའི་ཚད་མཐའ་དང་པོ་ཡིན། ང་ཚོས་རྣམ་པ་གང་རུང་གི་ཨ་མེ་རི་ཁ་དང་ཐེ་ཝན་གཞུང་ཕྱོགས་ཀྱི་ཕར་འགྲོ་ཚུར་འོང་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་པ་དང་། ཨ་མེ་རི་ཁའི་སྲིད་གཞུང་དང་རྒྱལ་ཚོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་འཁྱོག་བཟོ་བྱེད་མཚམས་འཇོག་པ། ཚད་མཐའ་ལས་བརྒལ་བའི་ཉེན་ཁའི་བྱ་སྤྱོད་མཚམས་འཇོག་པ། ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བའི་ཆབ་སྲིད་རྨང་གཞིར་གནོད་སྐྱེལ་མཚམས་འཇོག་པ་བཅས་ཀྱི་འབོད་སྐུལ་དྲག་ཏུ་བཏང་བ་ཡིན།

མི་ཕམ་མགོན་པོས་བསྒྱུར།