ཕྱི་འབྲེལ་པུའུ་ཡོ་རོབ་ཟི་ཡི་འགན་ཁུར་བས་ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥིན་ཏི་ལའེ་ཨུན་གྱིས་ཀྲུང་གོར་འཚམས་འདྲི་བྱས་པའི་གནས་ཚུལ་ངོ་སྤྲོད་བྱས།
2023.04.07 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 18

ཕྱི་འབྲེལ་པུའུ་ཡོ་རོབ་ཟི་ཡི་འགན་ཁུར་བས་ཚེས་དྲུག་ཉིན་ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥིན་ཏི་ལའེ་ཨུན་གྱིས་ཀྲུང་གོར་འཚམས་འདྲི་བྱས་པའི་གནས་ཚུལ་ངོ་སྤྲོད་བྱས།

འབྲེལ་ཡོད་འགན་ཁུར་མི་སྣས་བཤད་རྒྱུར། ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་གྱིས་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་ནས་ལོ་ཉི་ཤུ་འགོར་བའི་སྐབས་འདིར། ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥིན་ཏི་ལའེ་ཨུན་ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་དང་དུས་མཉམ་དུ་ཀྲུང་གོར་འཚམས་འདྲིར་ཡོང་བ་དང་ཀྲུང་གོ་དང་ཡོ་རོབ་ཀྱི་མཐོ་རིམ་བར་འགྲོ་འོང་བྱེད་པའི་རྣམ་པ་བཟང་པོ་མངོན་པར་བྱས། ཚེས་དྲུག་ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུའུ་ཞི་ཧྥུན་ཏི་ལའེ་ཨུན་དང་ཙུང་ཐུང་མཱ་ཁི་ལུང་དང་མཉམ་དུ་ཀྲུང་གོ་དང་ཧྥ་རན་སི། ཡོ་རོབ་གླིང་བཅས་ཀྱི་མགོ་ཁྲིད་པའི་ཕྱོགས་གསུམ་གྱིགྲོས་མོལ་སྤེལ་ལ། ཀྲུའུ་ཞི་ཧྥུན་ཏི་ལའེ་ཨུན་ལ་ཐུག་འཕྲད་བྱས་པ་དང་། ཀྲུང་གོ་དང་ཡོ་རོང་གླིང་གི་མགོ་ཁྲིད་མི་སྣས་བརྗེ་རེས་ཟབ་མོ་བྱས་ལ་ཟོལ་མེད་ཀྱི་གཏམ་གླེང་བྱས་པར་མ་ཟད། ཕན་འབྲས་མངོན་གསལ་ཐོབ།

གཅིག་ནི་ཕྱོགས་གཉིས་ཀ་ཀྲུང་གོ་དང་ཡོ་རོབ་གླིང་གི་འབྲེལ་བ་བརྟན་འཇགས་དང་འཕེལ་རྒྱས་སུ་གཏོང་བར་ཡིད་འཐད་བྱུང་།

གཉིས་ནི་ཕན་ཚུན་ལ་ཕན་ཁེ་ལྡན་པའི་ཕྱོགས་གཉིས་བར་གྱི་མཉམ་ལས་ལ་ཡིད་འཐད་བྱུང་།

གསུམ་ནི་ཕྱོགས་གཉིས་ཀ་མཉམ་དུ་གོ་ལ་ཧྲིལ་བོའི་འགྲན་རྩོད་ལ་ཁ་གཏད་འཇལ་བར་ཡིད་འཐད་བྱུང་།

བཞི་ནི་ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་ཕན་ཁེ་བཅས་ལ་སྲུང་སྐྱོང་བྱེད་པའི་ལངས་ཕྱོགས་བསྐྱར་སྒྲོག་བྱས། 

འབྲེལ་ཡོད་མི་སྣས་བཤད་རྒྱུར། ཀྲུའུ་ཞི་ཧྥུན་ཏི་ལའེ་ཨུན་གྱི་ཐེངས་འདིའི་འཚམས་འདྲི་ཡང་ན་ནིང་གི་ཟླ་བཅུ་གཉིས་པར་ཡོ་རོབ་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་མུས་ཞེ་ཨར་གྱིས་ཀྲུང་གོར་འཚམས་འདྲི་བྱས་པའི་རྗེས་ཀྱི་ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་བར་གྱི་འཐབ་ཇུས་འབྲེལ་འདྲིས་གལ་ཆེན་ཞིག་རེད་ཟེར།

མི་ཕམ་མགོན་པོས་བསྒྱུར།