འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་འཛམ་གླིང་ཡོངས་ཀྱིས་མཉམ་དུ་འབད་བརྩོན་བྱས་ནས་བདེ་ཐང་འདྲ་མཉམ་མངོན་འགྱུར་བྱེད་དགོས་པའི་ཚུལ་བསྟན།
2023.04.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 22

ཟླ་བཞི་བའི་ཚེས་བདུན་ཉིན་ནི་འཛམ་གླིང་འཕྲོད་བསྟེན་ཉིན་མོ་ཡིན་པ་དང་། ད་ལོའི་བརྗོད་སྙིང་ནི་མི་ཚང་མས་བདེ་ཐང་ལོངས་སུ་སྤྱོད་ཅེས་པ་དེ་ཡིན་ཞིང་། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཐན་ཏི་སེ་ཡིས་རྒྱལ་ཁབ་སོ་སོས་མཉམ་ལས་ཟབ་མོ་བྱས་ཏེ། འཛམ་གླིང་ཡོངས་ཀྱི་བདེ་ཐང་འདྲ་མཉམ་མངོན་འགྱུར་བྱེད་དགོས་པའི་འབོད་སྐུལ་བཏང་།

ཐན་ཏི་སེ་ཡིས་ཚེས་དྲུག་ཉིན་གྱི་ཕྱི་དྲོར་རི་ནེ་ཝ་རུ་ཡོད་པའི་སྤྱི་ཁྱབ་པུའུ་ནས་སྤེལ་བའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་དམིགས་ཡུལ་ནི་མི་ཚང་མར་བདེ་ཐང་ཚད་གཞི་མཐོན་པོ་མངོན་འགྱུར་བྱེད་རྒྱུ་དེ་ཡིན། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དེ་གཅིག་སྟོང་དགུ་བརྒྱ་ཞེ་བརྒྱད་ལོར་བཙུགས་པའི་ཚུན་ལ། འཛམ་གླིང་ཡོངས་ཀྱི་དམིགས་འབེན་དེ་ལག་བདསྟར་བྱེད་པའི་ཐད་ནས་གྲུབ་འབྲས་ཆེན་པོ་བླངས་ཡོད་ལ། དེའི་ནང་འབུར་དུ་ཐོན་པའི་གྲུབ་འབྲས་གཉིས་ནི། སྔོན་དཔག་བྱས་པའི་འཛམ་གླིང་ཡོངས་ཀྱི་མིའི་ཚེ་ཚད་ལོ་ཞེ་དྲུག་ནས་ལོ་དོན་གསུམ་བར་ཇེ་རིང་དུ་སོང་དང་། འབྲུམ་པའི་ནད་ཚར་གཅོད་བྱས་པ་དང་རྒྱུངས་པའི་ཐལ་འགྱུར་གཉན་ཚད་ཕལ་ཆེར་མེད་པར་བཟོས་ཡོད། རང་རློམ་བྱེད་རིན་ཡོད་པའི་གྲུབ་འབྲས་མང་བོ་བླངས་ཡོད་ཀྱང་མིག་སྔར་སྔར་བཞིན་འགྲན་རྩོད་མང་བོར་འཕྲད་ཡོད་པ་དང་། འཛམ་གླིང་ཡོངས་སུ་འཕྲོད་བསྟེན་ཞབས་ཞུ་ཐོབ་པའི་ཐད་སྔར་བཞིན་འདྲ་མཉམ་མིན་པའི་སྣང་ཚུལ་གནས་ཡོད་ཟེར།

ཐན་ཏི་སེ་ཡིས་བཤད་རྒྱུར། འདས་པའི་ལོ་ངོ་གསུམ་ནང་། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་འཛམ་གླིང་ཡོངས་ཀྱི་སྟོབས་ཤུགས་མཐུན་སྦྱོར་བྱས་ནས་མཉམ་དུ་པྲོག་གསར་གློ་ཚད་རིམས་ནད་ཆེན་མོར་ཁ་གཏད་འཇལ། ཡིན་ཡང་པྲོག་གསར་གློ་ཚད་རིམས་ནད་ལས་རྒྱལ་ཁབ་སོ་སོས་འཕྲོད་བསྟེན་ཉམས་ཉེན་ཐག་གཅོད་བྱེད་པའི་ཐད་སྔར་བཞིན་བར་ཁྱད་ཆེན་པོ་ཡོད་པ་གསལ་རྗེན་དུ་མངོན་པར་བྱས་ཡོད་ཟེར། ཁོས་བསྟན་དོན། རྒྱུ་རྐྱེན་མང་བོ་ལས་ད་ལྟའི་འཛམ་གླིང་ལ་སྔོན་ཆད་ཀྱི་དུས་སྐབས་གང་ལས་ཀྱང་ལྷག་པར་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་མཁོ་བར་མངོན་ཡོད། ནད་ཡམས་ཆེན་པོ་བྱུང་བའི་སྐབས་སུ་རྒྱལ་ཁབ་གང་རུང་གིས་ཁེར་རྐྱང་དུ་ཐག་གཅོད་བྱེད་ཐབས་མེད་པས། རྒྱལ་ཁབ་སོ་སོས་ངེས་པར་དུ་མཉམ་ལས་ཟབ་མོ་བྱས་ན་ད་གཟོད་ཐག་གཅོད་བྱེད་ཐུབ་ཟེར།

ཐན་ཏི་སེ་ཡིས་བསྟན་དོན། པྲོག་གསར་གློ་ཚད་རིམས་ནད་ཀྱིས་འཛམ་གླིང་ཡོངས་ཀྱིས་སྨན་བཅོས་བྱ་བ་བྱེད་མཁན་གྱི་རིན་ཐང་ཆེན་མོར་མཐོང་ཆེན་བྱེད་པའི་གསལ་འདེབས་བྱས་ཡོད། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་རྒྱལ་ཁབ་སོ་སོས་སྨན་བཅོས་མི་སྣར་སྲུང་སྐྱོབ་དང་མ་དངུལ་བཏང་ནས་སྨན་བཅོས་མི་སྣའི་དཔུང་སྡེ་འཛུགས་སྐྲུན་བྱེད་པ་དང་། ཁོ་ཚོར་བདེ་འཇགས་ཀྱི་བྱ་བའི་ཆ་རྐྱེན་དང་ཟླ་ཕོགས་འོས་འཚམ་སྟེར་བ། ངལ་རྩོལ་པའི་ཁེ་དབང་འགན་སྲུང་བཅས་འདོན་སྤྲོད་བྱེད་དགོས་པར་མ་ཟད། དེ་དག་ལ་དྲག་ཤུགས་དང་མཐོང་ཆུང་མི་ཐེབས་པར་བྱས་ནས་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་བཏང་།


བསོད་ནམས་ཚེ་རིང་གིས་བསྒྱུར།