རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་ཚོགས་པའི་སྤྱི་འདོམས་པ་ཀི་ཨོ་ཨར་ཅི་ཡེ་ཝ་ཡིས་ཚེས་དྲུག་ཉིན་བསྟན་དོན། འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་འཕར་ཚད་བསྟུད་མར་ཇེ་དལ་དུ་སོང་བ་དང་། ཚོད་དཔག་བྱས་ན་ཉིས་སྟོང་ཉེར་གསུམ་ལོར་སྤྱིའི་འཕར་ཚད་བརྒྱ་ཆའི་གསུམ་ལས་དམའ་སྲིད་ཀྱང་། ཀྲུང་གོ་དང་རྒྱ་གར་རྒྱལ་ཁབ་གཉིས་ཀྱིས་ད་ལོའི་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་འཕར་སྣོན་གྱི་ཕྱེད་ཀ་ཟིན་ཐུབ་ཟེར།
ཀི་ཨོ་ཨར་ཅི་ཡེ་ཝ་ཡིས་ཉིན་དེར་ཝ་ཧྲིན་ཐོན་ནས་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་ཚོགས་པ་དང་འཛམ་གླིང་དངུལ་ཁང་གི་ཉིས་སྟོང་ཉེར་གསུམ་ལོའི་དཔྱིད་ཀའི་གྲོས་ཚོགས་མགོ་རྩོམ་པའི་གཏམ་བཤད་སྤེལ་སྐབས་བསྟན་དོན། ས་ཁུལ་བར་གྱི་ཆབ་སྲིད་གནས་བབ་ཛ་དྲག་ཏུ་གྱུར་བ་དང་དངུལ་ལོར་ཚད་བརྒལ་འགྲེམ་པ་སོགས་ཀྱི་རྒྱུ་རྐྱེན་དབང་གིས་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་འཕར་སྣོན་གཏན་འཇགས་ངང་སླར་གསོ་འབྱུང་བར་སྔར་བཞིན་དཀའ་ཁག་ཆེན་པོ་ཡོད་ཟེར།
ཀི་ཨོ་ཨར་ཅི་ཡེ་ཝ་ཡིས་བཤད་རྒྱུར། ད་ལོར་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་འཕར་སྣོན་སྣང་ཚུལ་སྐོར་ཞིག་གསར་དར་དཔལ་འབྱོར་ཚོགས་པ་ལས་བྱུང་བ་ཡིན་ལ། དེའི་ནང་ཨེ་ཤ་ཡཱའི་སྣང་ཚུལ་ཆེས་བཟང་བོ་ཞིག་ཡིན་པ་དང་། ཚོད་དཔག་བྱས་ན་ཀྲུང་གོ་དང་རྒྱ་གར་རྒྱལ་ཁབ་གཉིས་ཀྱིས་ཉིས་སྟོང་ཉེར་གསུམ་ལོའི་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་འཕར་སྣོན་གྱི་ཕྱེད་ཀ་ཟིན་ཐུབ་པ་དང་། ཨ་མེ་རི་ཁ་དང་ཡོ་སྒོར་བཀོལ་བའི་ས་ཁུལ་དཔལ་འབྱོར་བྱ་འགུལ་ཇེ་དལ་དུ་འགྲོ་བཞིན་ཡོད་ལ། སྔར་ལས་མཐོ་བའི་སྐྱེད་ཀས་དགོས་མཁོར་བཀག་རྒྱ་བཟོས་ཡོད། ད་ལོར་ཚོད་དཔག་བྱས་ན་བརྒྱ་ཆའི་དགུ་བཅུའི་དར་རྒྱས་ཆེ་བའི་དཔལ་འབྱོར་ཚོགས་པའི་དཔལ་འབྱོར་འཕར་ཚད་ཇེ་དམའ་རུ་འགྲོ་བའི་སྣང་ཚུལ་འབྱུང་སྲིད་ཟེར།
ཀི་ཨོ་ཨར་ཅི་ཡེ་ཝ་ཡིས་བསྟན་དོན། དུས་ཡུན་ཐུང་ངུ་དང་དུས་ཡུན་འབྲིང་གང་ལ་བལྟས་ཀྱང་། འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་འཕར་སྣོན་དེ་བསྟུད་མར་ཇེ་ཞན་དུ་འགྲོ་ངེས་རེད། རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་ཚོགས་པས་ཚོད་དཔག་བྱས་ན། མ་འོངས་པའི་ལོ་ལྔའི་ནང་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་འཕར་ཚད་བརྒྱ་ཆའི་གསུམ་ཡས་མས་སུ་སྲུང་འཛིན་བྱེད་སྲིད་པ་དང་། ལས་ཁུངས་དེས་གཅིག་སྟོང་དགུ་བརྒྱ་དགུ་བཅུ་ལོའི་ཚུན་ལ་བཏོན་པའི་དུས་ཡུན་འབྲིང་གི་ཆེས་དམའ་བའི་དཔལ་འབྱོར་འཕར་ཚད་ཀྱི་ཚོད་དཔག་ཅིག་ཡིན་ལ། འདས་པའི་ལོ་ངོ་ཉི་ཤུ་རིང་གི་བརྒྱ་ཆའི་གསུམ་དང་གྲངས་ཆུང་བརྒྱད་ཀྱི་ཆ་སྙོམས་ཆུ་ཚད་ལས་ལྷག་ཏུ་དམའ་བ་རེད་ཟེར།
ཀི་ཨོ་ཨར་ཅི་ཡེ་ཝ་ཡིས་བསྟན་དོན། འཕར་སྣོན་གྱི་མདུན་ལྗོངས་དེ་ལེགས་བཅོས་བྱེད་ཆེད། རྒྱལ་ཁབ་སོ་སོས་དངུལ་ལོར་ཚད་བརྒལ་འགྲེམ་པར་ངོ་རྒོལ་དང་དངུལ་ལོར་གཏན་འཇགས་ལ་སྲུང་སྐྱོབ་བྱེད་དགོས་པ་དང་། གྲུབ་ཚུལ་རང་བཞིན་གྱི་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་བ་དང་གྲངས་ལྡན་གསར་བརྗེ་ཇེ་མགྱོགས་སུ་གཏོང་བ། ཚོང་གཉེར་ཁོར་ཡུག་ལེགས་བཅོས་བྱས་ནས། ཐོན་སྐྱེད་ཚད་དང་འཕར་ཚད་ཀྱི་སྦས་ཤུགས་མཐོར་འདེགས་བྱེད་དགོས། ལྷད་མེད་བཅོས་བསྒྱུར་ལ་སྐུལ་འདེད་བཏང་ནས་སའི་གོ་ལའི་ཁོར་ཡུག་སྲུང་སྐྱོབ་དང་དཔལ་འབྱོར་གྱི་གོ་སྐབས་གསར་བ་གསར་གཏོད་བྱེད་དགོས། རྒྱལ་སྤྱིའི་མཉམ་ལས་ལེགས་བཅོས་བྱས་ནས་དཔལ་འབྱོར་ཁ་བྲལ་དང་ས་ཁུལ་བར་གྱི་ཆབ་སྲིད་ཛ་དྲག་གི་གནས་བབ་ཀྱི་ཤུགས་རྐྱེན་ཇེ་དམའ་རུ་གཏོང་དགོས་ཟེར། ཁོ་མོས་ད་རུང་རྒྱལ་ཁབ་སོ་སོས་མཐུན་སྒྲིལ་ལ་ཤུགས་སྣོན་བྱས་ཏེ། འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་བར་ཁྱད་ཇེ་ཆུང་དུ་གཏོང་དགོས་པའི་འབོད་སྐུལ་བཏང་།
རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་ཚོགས་པ་དང་འཛམ་གླིང་དངུལ་ཁང་གི་ཉིས་སྟོང་ཉེར་གསུམ་ལོའི་དཔྱིད་ཀའི་གྲོས་ཚོགས་ཀྱི་དངོས་གཞིའི་བྱ་འགུལ་དེ་ཟླ་བཞི་བའི་ཚེས་བཅུ་ཉིན་ནས་ཚེས་བཅུ་དྲུག་ཉིན་བར་ཝ་ཧྲིན་ཐོན་ནས་སྤེལ་རྒྱུ་ཡིན་པ་དང་། རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་ཚོགས་པས་དེའི་སྐབས་སུ་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་རེ་བལྟོས་ཞེས་པའི་སྙན་ཞུ་གསར་བ་སྤེལ་རྒྱུ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།