དབྱི་སི་རལ་རྒྱལ་སྲུང་དམག་དཔུང་གིས་ཚེས་བདུན་ཉིན་གྱི་ཞོགས་པར་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་འཐབ་འཛིང་གནམ་གྲུས་ལེ་པཱ་ནུན་ལྷོ་ཕྱོགས་ས་ཁུལ་དུ་བར་སྣང་འཇབ་རྒོལ་བྱས་པ་དང་། དམིགས་འབེན་ནི་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སིའི་སྦས་སྐོང་བྱེད་ས་ཡིན་པ་ཁས་ལེན་བྱས།
གསལ་སྒྲོག་ལས་དབྱི་སི་རལ་གྱི་དམག་དཔུང་གིས་ཧཱ་མཱ་སིའི་ལེ་པཱ་ནུན་ལྷོ་ཕྱོགས་ས་ཁུལ་དུ་ཡོད་པའི་རྨང་གཞིའི་སྒྲིག་ཆས་ལ་གཏོར་བརླག་བཏང་བ་དང་། དབྱི་སི་རལ་གྱི་དམག་དཔུང་གིས་ཧཱ་མཱ་སི་ལེ་པཱ་ནུན་གྱི་མངའ་ཁོངས་སུ་འགུལ་སྐྱོད་བྱེད་པར་ཀུ་ཡངས་གཏོང་མི་སྲིད་པ་ནན་བཤད་བྱས་པར་མ་ཟད། ལེ་པཱ་ནུན་ཕྱོགས་ཀྱིས་རང་གི་མངའ་ཁོངས་སུ་བྱུང་བའི་དྲག་ཤུགས་དོན་རྐྱེན་ཡོད་ཚད་ལ་འགན་ཁུར་དགོས་པར་འདོད།
ལེ་པཱ་ནུན་གྱི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། བར་སྣང་འཇབ་རྒོལ་དེ་ལེ་པཱ་ནུན་ལྷོ་ཕྱོགས་ཀྱི་ཐིས་ཨར་གྲོང་ཁྱེར་ལྷོ་ངོས་ཀྱི་ཕཱ་ལེ་སི་ཐན་གྱི་ཡུལ་གྱར་བའི་སྒར་ས་ཞིག་གི་ཉེ་འདབས་སུ་བྱུང་བ་དང་། མིག་སྔར་ལེ་པཱ་ནུན་ཕྱོགས་ཀྱིས་མི་སྣར་ཤི་རྨས་བྱུང་བའི་སྙན་ཞུ་བསྒྲགས་མེད་ཟེར།
ལེ་པཱ་ནུན་དུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་སྐབས་དམག་དཔུང་གིས་ཚེས་བདུན་ཉིན་བདེན་དཔང་བྱས་དོན། ལེ་པཱ་ནུན་དུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་སྐབས་དམག་དཔུང་གི་མི་སྣས་ཐིས་ཨར་གྲོང་ཁྱེར་ཉེ་འདབས་སུ་འགས་གཏོར་གྱི་སྒྲ་ཆེན་པོ་གྲགས་པ་ཐོས་ཡོད། གསར་འགོད་པར་འབྱོར་བའི་ལེ་པཱ་ནུན་དུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་སྐབས་དམག་དཔུང་གི་གསལ་སྒྲོག་ལྟར་ན། ལེ་པཱ་ནུན་དུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་སྐབས་དམག་དཔུང་གི་ཆེད་མངག་ཚོགས་པའི་ཚོགས་གཙོའམ་དམག་དཔུང་གི་བཀོད་འདོམ་དཔོན་པོ་ལཱ་སཱ་ལོ་ཡིས་ལེ་པཱ་ནུན་དང་དབྱི་སི་རལ་གྱི་མཐའ་མཚམས་འགྲམ་གཉིས་ཀྱི་གནས་བབ་ཐད་ནས་འབྲེལ་འདྲིས་བྱེད་བཞིན་ཡོད་ལ། ཕྱོགས་སོ་སོས་རྒྱལ་མཚམས་བརྒལ་བའི་འགུལ་སྐྱོད་ཡོད་ཚད་མྱུར་དུ་མཚམས་འཇོག་དགོས་པའི་སྐུལ་མ་བཏང་ཡོད་ཟེར།
གཞན་ཡང་ལེ་པཱ་ནུན་གྱི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ཚེས་དྲུག་ཉིན་གྱི་ཕྱི་དྲོར། ལེ་པཱ་ནུན་ལྷོ་ཕྱོགས་ས་ཁུལ་ནས་དབྱི་སི་རལ་གྱི་མངའ་ཁོངས་སུ་མེ་ཤུགས་འཕུར་མདའ་མང་བོ་གཏོང་འཕེན་བྱས་ཡོད་ཟེར།
བསྒྲགས་པ་ལྟར་ན། ཧཱ་མཱ་སིའི་ཆབ་སྲིད་ཅུའུ་ཡི་མགོ་ཁྲིད་པ་ཧཱ་ནེ་ཡཱ་ཡིས་ཚེས་དྲུག་ཉིན་ལེ་པཱ་ནུན་དུ་ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་གི་མགོ་ཁྲིད་པ་ཧཱ་སིང་ནཱ་སི་ལུའུ་ལཱ་དང་གྲོས་མོལ་བྱས། ཧཱ་ནེ་ཡཱ་ཡིས་བསྟན་དོན། དབྱི་སི་རལ་གྱིས་ཨ་ཁི་སཱ་དབྱི་སི་ལན་ཆོས་ཁང་ལ་བཙལ་འཛུལ་བྱས་པའི་ཐད་ནས། ཕཱ་ལེ་སི་ཐན་འགོག་རྒོལ་ཕྱོགས་ཁག་གིས་ལྟད་མོར་བལྟས་ནས་འདུག་མི་སྲིད་ཟེར།
ཚེས་ལྔ་ཉིན་གྱི་ཞོགས་པ་དང་ནམ་གུང་། དབྱི་སི་རལ་གྱི་ཉེན་རྟོག་ཕྱོགས་དང་ཕཱ་ལེ་སི་ཐན་གྱི་མང་ཚོགས་བར་ཡེ་ལུའུ་སཱ་ལེམ་གྱི་མཁར་རྙིང་ཁུལ་དུ་ཡོད་པའི་ཨ་ཁི་སཱ་དབྱི་སི་ལན་ཆོས་ཁང་ནས་འཁྲུག་རྩོད་ཐེངས་གཉིས་བྱུང་ནས་མི་བཅུ་ཕྲག་འགར་རྨས་ཕོག ཉེ་འཁོར་རྒྱལ་ཁབ་མང་བོ་དང་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱིས་དོན་དེའི་ཐད་ནས་རྒོལ་གཏམ་བཏང་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།