ཀྲུང་གོ་དང་ཧྥ་རན་སིའི་ཁེ་ལས་སོ་དྲུག་གིས་པེ་ཅིང་ནས་མཉམ་ལས་གྲོས་མཐུན་བཅོ་བརྒྱད་བཀོད།
2023.04.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 27

གསར་འགོད་པས་ཚེས་བདུན་ཉིན་ཀྲུང་གོའི་ཚོང་དོན་པུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཀྲུང་གོ་དང་ཧྥ་རན་སིའི་ཁེ་ལས་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་བ་ཚེས་དྲུག་ཉིན་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་བསྡུས། ཕྱོགས་གཉིས་ཀྱི་ཁེ་ལས་སོ་དྲུག་གིས་བཟོ་སྐྲུན་ལས་རིགས་དང་ལྷད་མེད། ནུས་ཁུངས་གསར་བ། གསར་གཏོད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གྲོས་མཐུན་བཅོ་བརྒྱད་བཀོད་ཡོད།

ཚོང་དོན་པུའུ་ཡོ་རོབ་གླིང་ལས་དོན་ཟི་ཡི་ཟི་ཀྲང་ཡུས་ཡོན་ཐང་གིས་ཚོགས་མགོ་རྩོམ་པའི་ཞུ་ཚིག་འབུལ་སྐབས་བསྟན་དོན། ཀྲུང་གོ་དང་ཧྥ་རན་སི་རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་འབྲེལ་འདྲིས་ཟབ་མོ་སྲུང་འཛིན་བྱས་ཡོད་པ་དང་། ཀྲུང་གོ་དང་ཧྥ་རན་སིའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཐད་ཁ་ཕྱོགས་བསྟན་ཡོད། ལོ་ལྔའི་རིང་ལ། ཀྲུང་གོ་དང་ཧྥ་རན་སིའི་ཉོ་ཚོང་སྤྱིའི་འབོར་གྲངས་མེ་སྒོར་ཐེར་ཆེན་དྲུག་ནས་མེ་སྒོར་ཐེར་ཆེན་བརྒྱད་དུ་ཐོལ་བརྒལ་བྱུང་བ་མངོན་འགྱུར་བྱས་ཡོད། ཉིས་སྟོང་ཉེར་གཉིས་ལོར། ཀྲུང་གོ་དང་ཡོ་རོབ་གླིང་གི་མཉམ་ལས་ཀྱིས་ཤུགས་རྐྱེན་མི་ལེགས་པ་མང་བོ་ཁྱད་དུ་བསལ་ནས་གཏན་འཇགས་ཁྲོད་གོང་འཕེལ་འབྱུང་བ་མངོན་འགྱུར་བྱས་ཏེ། ཕྱོགས་གཉིས་ཀྱི་ཉོ་ཚོང་འབོར་གྲངས་ཡང་བསྐྱར་ཆེས་མཐོ་བའི་ཚད་དུ་བསླེབས་ནས་མེ་སྒོར་ཁྲག་ཁྲིག་བརྒྱད་དང་ཐེར་ཆེན་བཞི་ཐེར་འབུམ་བདུན་དུང་ཕྱུར་གསུམ་ལ་སླེབས་ཡོད། ཡོ་རོབ་གླིང་གི་ཁེ་ལས་ཀྱི་ཀྲུང་གོའི་ཚོང་རའི་ཡིད་ཆེས་ཇེ་དྲག་ཏུ་སོང་བ་དང་། ཀྲུང་གོའི་དངུལ་གཏོང་མེ་སྒོར་ཐེར་ཆེན་གཅིག་དང་ཐེར་འབུམ་གཉིས་དུང་ཕྱུར་གཅིག་ཇེ་མང་དུ་བཏང་སྟེ། བརྒྱ་ཆའི་བདུན་ཅུ་འཕར་སྣོན་བྱུང་ཡོད་ཟེར།

གྲོས་ཚོགས་སྐབས་སུ་ཁེ་ལས་ཨུ་ཡོན་ལྷན་ཁང་གི་ཕྱོགས་གཉིས་ཀྱི་ཀྲུའུ་ཞིའི་ལས་ཁུངས་ཀྲུང་གོའི་དངུལ་ཁང་དང་ཧྥ་རན་སིའི་ཕཱ་རེ་སིའི་དངུལ་ཁང་། དེ་མིན་ཀྲུང་གོའི་ཉིང་རྡུལ་ནུས་པའི་བཟོ་ལས་སྡེ་ཚོགས་ཚད་ཡོད་ཀུང་ཟི་དང་ཧྥ་རན་སིའི་གློག་ཤུགས་སྡེ་ཚོགས་སོགས་ཀྲུང་གོ་དང་ཧྥ་རན་སིའི་ཁེ་ལས་འཐུས་མིས་ལག་རྡང་སྦྲེལ་ནས་འཛམ་གླིང་ཡོངས་ཀྱི་འགྲན་རྩོད་ཐག་གཅོད་བྱེད་པ་དང་། མཉམ་ལས་ཀྱིས་དར་རྒྱས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཆེད་དོན་དེ་གཉིས་ལ་དཔྱད་གླེང་བྱས་ཏེ། ཀྲུང་གོ་དང་ཧྥ་རན་སིའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་གཏིང་ཟབ་ཏུ་སྤེལ་བར་གྲོས་གཞི་བཏོན་ཡོད། གྲོས་ཚོགས་ལ་ཞུགས་པའི་ཁེ་ལས་དག་གིས་ལང་ལོང་སྒོས་བསྟན་དོན། སྔར་ལས་ལྷག་པའི་སྒོ་ནས་ཀྲུང་གོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གོ་སྐབས་གསར་བ་དམ་འཛིན་བྱས་ཤིང་། ཀྲུང་གོ་དང་ཧྥ་རན་སི། ཀྲུང་གོ་དང་ཡོ་རོབ་གླིང་གི་ཐོན་ལས་མུ་རྒྱུན་དང་མཁོ་འདོན་མུ་འབྲེལ་གཏན་འཇགས་བཀག་མེད་ཡོང་བར་སྲུང་སྐྱོབ་བྱས་ཏེ། ཉིང་རྡུལ་ནུས་པ་དང་མཁའ་འགྲུལ། སྨན་རྫས། དངུལ་ལོར། ཞིང་ལས་ཟས་རིགས། གསར་གཏོད། འཛད་སྤྱོད། ནུས་ཁུངས་གསར་བ། ལམ་ལྕགས་འགྲིམ་འགྲུལ་སོགས་ཁྱབ་ཁོངས་ཀྱི་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་སྤེལ་དགོས་པའི་ཚུལ་བསྟན། མཇུག་བསྡུའི་མཛད་སྒོའི་རྗེས་སུ་ཀྲུང་གོ་དང་ཧྥ་རན་སིའི་ཁེ་ལས་ཀྱིས་མིང་འགོད་པའི་མཛད་སྒོ་སྤེལ་བ་རེད།

ཀྲུང་གོ་དང་ཧྥ་རན་སིའི་ཁེ་ལས་ཨུ་ཡོན་ལྷན་ཁང་དེ་ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་དང་པོར་ཀྲུང་གོ་དང་ཧྥ་རན་སི་རྒྱལ་ཁབ་གཉིས་ཀྱི་མགོ་གཙོའི་བདེན་དཔང་འོག་བཙུགས་པ་ཡིན་ལ། རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་དང་ཁེ་ལས་ཀྱི་གྲོས་མོལ་ལ་སྐུལ་འདེད་གཏོང་བ་དང་། ཁེ་ལས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བའི་སྟེགས་བུ་གལ་ཆེན་ཞིག་ཏུ་གྱུར་ཡོད། ཐེངས་འདིའི་གྲོས་ཚོགས་ལ་ཀྲུང་གོའི་ཚོང་དོན་པུའུ་དང་ཧྥ་རན་སིའི་དཔལ་འབྱོར་དང་ནོར་སྲིད། བཟོ་ལས། གྲངས་ལྡན་བཅས་ཀྱི་གཙོ་གཉེར་སྡེ་ཁག་གིས་གཙོ་སྒྲུབ་བྱས་པ་ཡིན་ལ། ཀྲུང་གོའི་འཕྲུལ་གློག་ཐོན་རྫས་ཀྱི་ནང་འདྲེན་ཕྱིར་གཏོང་ཚོང་ཚོགས་དང་ཧྥ་རན་སི་དང་ཀྲུང་གོའི་ཨུ་ཡོན་ལྷན་ཁང་གིས་རོགས་སྒྲུབ་བྱས་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།