དབྱི་སི་རལ་གྱི་དམག་དཔུང་གིས་སི་རི་ཡཱའི་ལྷོ་ཕྱོགས་ས་ཁུལ་ནས་ཀི་ལན་མཐོ་སའི་ཕྱོགས་སུ་མེ་ཤུགས་འཕུར་མདའ་གསུམ་གཏོང་འཕེན་བྱས་པའི་ཚུལ་བསྟན།
2023.04.09 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 19

དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཚེས་བརྒྱད་ཉིན་བཤད་རྒྱུར། ཉིན་དེའི་དགོང་མོར་སི་རི་ཡཱའི་ལྷོ་ཕྱོགས་ས་ཁུལ་ནས་དབྱི་སི་རལ་གྱིས་བཙན་བཟུང་བྱེད་པའི་ཀི་ལན་མཐོ་སར་མེ་ཤུགས་འཕུར་མདའ་གསུམ་གཏོང་འཕེན་བྱས་ཡོད་ཟེར།

དབྱི་སི་རལ་གྱི་དམག་དཔུང་གིས་གསལ་སྒྲོག་སྤེལ་ཏེ། མེ་ཤུགས་འཕུར་མདའ་གཅིག་ཀི་ལན་མཐོ་སའི་བྱང་ངོས་ཀྱི་ཞིང་ར་ཞིག་གི་ས་སྟོང་དུ་ལྷུང་བ་དང་། ས་ཁུལ་དེས་མཁའ་སྲུང་ཉེན་བརྡ་བཏང་བ་རེད། ཚོད་དཔག་བྱས་ན་མེ་ཤུགས་འཕུར་མདའ་དེ་ས་སྟོང་དུ་ལྷུང་བ་ཡིན་པས་དམག་ཕྱོགས་ཀྱིས་མཁའ་སྲུང་མ་ལག་བཀོལ་ནས་བཀག་འགོག་མ་བྱས་པ་རེད།

གཞན་ཡང་དབྱི་སི་རལ་གྱི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། དོན་རྐྱེན་དེ་ལས་མི་སྣར་ཤི་རྨས་བཟོས་མེད་པ་དང་། མེ་ཤུགས་འཕུར་མདའ་གཞན་པ་གཉིས་སོ་སོར་སི་རི་ཡཱ་དང་ཅོར་ཏན་མངའ་ཁོངས་སུ་ལྷུང་བ་རེད་ཟེར།



བསོད་ནམས་ཚེ་རིང་གིས་བསྒྱུར།