པུའུ་ཁི་ནཱ་ཧྥ་སོའི་བྱང་ཕྱོགས་ས་ཁུལ་གྱི་སྡེ་བ་གཉིས་ལ་འཇབ་རྒོལ་ཐེབས་ཏེ་མི་ཞེ་བཞི་རྐྱེན་ལམ་དུ་ཤོར།
2023.04.09 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 21

པུའུ་ཁི་ནཱ་ཧྥ་སོ་ས་གནས་སྲིད་གཞུང་གི་དཔོན་རིགས་ཀྱིས་ཚེས་བརྒྱད་ཉིན་གསལ་སྒྲོག་སྤེལ་ཏེ། རྒྱལ་ཁབ་དེའི་བྱང་ཕྱོགས་ས་ཁུལ་གྱི་སཱ་ཧི་ལེ་ས་ཁུལ་ཆེན་མོའི་སེ་ནོའུ་ཞིང་ཆེན་གྱི་སྡེ་བ་གཉིས་ལ་ཉེ་སྔོན་དྲག་ཆས་ཉེས་ཅན་གྱི་འཇབ་རྒོལ་ཐེབས་ཏེ། མི་ཞེ་བཞི་རྐྱེན་ལམ་དུ་ཤོར་ཟེར།

སཱ་ཧི་ལེ་ས་ཁུལ་ཆེན་མོའི་མགོ་བ་སོ་ཨར་ཀི་ཡིས་གསལ་སྒྲོག་ནང་བཤད་རྒྱུར། དྲག་ཆས་ཉེས་ཅན་དག་ཚེས་དྲུག་ཉིན་ནས་ཚེས་བདུན་ཉིན་གྱི་ནམ་གུང་བར་ཞིང་ཆེན་དེའི་སེ་ཐིན་ཅཱ་གྲོང་རྡལ་ཉེ་འདབས་ཀྱི་སྡེ་བ་གཉིས་སུ་ཡོང་ནས། མི་སེར་དཀྱུས་མ་ཞེ་བཞི་བསད་པ་དང་། མི་མང་བོར་རྨས་སྐྱོན་བཟོས་པར་མ་ཟད། རྒྱུ་ནོར་གྱི་གྱོང་གུད་བཟོས་ཡོད་ཟེར།

སོ་ཨར་ཀི་ཡིས་བསྟན་དོན། བདེ་འཇགས་དམག་དཔུང་གིས་དྲག་ཆས་ཉེས་ཅན་ལ་ཕྱིར་རྒོལ་ལན་སྤྲད་པ་དང་། ས་ཁུལ་དེར་བདེ་འཇགས་སྲུང་སྐྱོབ་ཀྱི་འགུལ་སྐྱོད་སྤེལ་བཞིན་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།