ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་ཚེས་བརྒྱད་ཉིན་བསྒྲགས་པ་ལྟར་ན། ཁྲའོ་ཞན་གྱིས་ཚེས་བཞི་ཉིན་ནས་ཚེས་བདུན་ཉིན་བར་ཆུ་འཛུལ་རྣམ་པ་ཅན་གྱི་འཐབ་ཇུས་མཚོན་ཆའི་མ་ལག་ཚོད་ལྟ་བྱས་ནས། མཚོན་ཆའི་མ་ལག་གི་བློ་གཏད་རང་བཞིན་དང་གནད་ལ་ཕོག་པའི་ཆམ་ཕབ་ནུས་པར་ཞིབ་བཤེར་བྱས།
བསྒྲགས་པ་ལྟར་ན། ཁྲའོ་ཞན་ཕྱོགས་ཀྱིས་ཚེས་བཞི་ཉིན་གྱི་ཕྱི་དྲོར་ཞན་ཅིན་ལྷོ་ལམ་གྱི་ཅིན་ཡེ་རྫོང་ཅཱ་ཅིན་གྲུ་ཁ་ནས་མཚོ་འཕྱུར-2རྟགས་ཅན་གྱི་མི་བསྡད་མེད་པའི་ཉིང་རྡུལ་ཆུ་འཛུལ་གྲུ་གཟིངས་མངག་སྟེ་ཤར་ཕྱོགས་མཚོ་ཁོངས་སུ་དུས་ཚོད་དོན་གཅིག་ཡས་མས་སུ་ཆུ་འོག་ཏུ་འགྲུལ་བཞུད་བྱས་རྗེས། ཚེས་བདུན་ཉིན་གྱི་ཕྱི་དྲོར་སྔོན་གཏན་འཁེལ་བྱས་པའི་དམིགས་སའི་མཚོ་ཁོངས་སུ་འབྱོར་བ་དང་། ཆུ་འོག་ནས་ཚོད་ལྟའི་འཐབ་འཛིང་པུའུ་ལ་བདེ་བླག་ངང་འགས་གཏོར་བཏང་བ་རེད་ཟེར།
ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་དེའི་སྔོན་བསྒྲགས་པ་ལྟར་ན། ཁྲའོ་ཞན་ཕྱོགས་ཀྱིས་ཟླ་གསུམ་པའི་ཟླ་སྨད་དུ་སྔ་གཞུག་ཏུ་མཚོ་འཕྱུར་དང་མཚོ་འཕྱུར-1རྟགས་ཅན་གྱི་མི་བསྡད་མེད་པའི་ཉིང་རྡུལ་ཆུ་འཛུལ་གྲུ་གཟིངས་ཚོད་ལྟ་བྱས། བསྒྲགས་པ་ལྟར་ན། ཆུ་འཛུལ་རྣམ་པ་ཅན་གྱི་འཐབ་ཇུས་མཚོན་ཆ་དེ་རིགས་ཀྱི་དམིགས་ཡུལ་ནི་གསང་སྟབས་ཀྱིས་འཐབ་འཁྲུག་བྱེད་སའི་མཚོ་ཁོངས་སུ་སོང་ནས། ཆུ་འོག་གི་འགས་གཏོར་ལས་འཕྲོ་འགྱེད་རང་བཞིན་དྲག་པོ་ལྡན་པའི་མཚོ་འཕྱུར་བཟོས་ཏེ་དགྲ་ཕྱོགས་ཀྱི་གྲུ་གཟིངས་རུ་ཁག་དང་འཐབ་འཁྲུག་བྱེད་སའི་གྲུ་ཁ་གཙོ་བོར་གཏོར་བརླག་གཏོང་བའི་ཆེད་དུ་རེད་ཟེར། ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་དེའི་སྔོན་བཤད་རྒྱུར། ཨ་མེ་རི་ཁ་དང་ཧན་གོས་ཁྲའོ་ཞན་ལ་རྒོལ་བའི་འཐབ་འཁྲུག་སྦྱོང་བརྡར་ལས་ཁྲའོ་ཞན་ཕྱེད་གླིང་གི་དམག་དོན་ཆབ་སྲིད་གནས་བབ་ཕྱིར་ལྡོག་དཀའ་བའི་ཉེན་ཁའི་གནས་སུ་སྐྱེལ་ངེས་རེད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།