ཧྥ་རན་སིའི་ཨ་ཨར་པིས་སི་རི་ཁུལ་འཁྱག་རོམ་རྡིབས་ནས་མི་བཞི་རྐྱེན་ལམ་དུ་ཤོར།
2023.04.10 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 27

ཧྥ་རན་སིའི་ནང་སྲིད་བློན་ཆེན་ཏཱ་ཨར་མཱ་ཉིང་གིས་ཚེས་དགུ་ཉིན་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ། ཧྥ་རན་སིའི་ཨ་ཨར་པིས་སི་རི་ཁུལ་དུ་ཉིན་དེར་འཁྱག་རོམ་རྡིབས་པའི་དོན་རྐྱེན་ཞིག་བྱུང་སྟེ། མི་བཞི་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་འགར་རྨས་ཕོག་ཡོད་ཟེར།

ཧྥ་རན་སིའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། རྡིབས་པའི་འཁྱག་རོམ་དེ་པའོ་ལིང་རི་རྩེའི་ཧྥ་རན་སིའི་ཕྱོགས་ཀྱི་སཱ་ཝ་གོང་མ་ཞིང་ཆེན་དུ་ཡོད་ལ། རྒུད་སྐྱོབ་བྱ་བ་མུ་མཐུད་དུ་སྤེལ་བཞིན་ཡོད།

བསྒྲགས་པ་ལྟར་ན། རྡིབས་སྐྱོན་བྱུང་བ་དེ་དྲོད་ཚད་ཇེ་མཐོར་སོང་བ་དང་རླུང་གཡུག་པ་ལ་འབྲེལ་བ་ཡོད་ངེས་རེད་ཟེར། ཉིས་སྟོང་བཅུ་བཞི་ལོར། འཁྱག་རོམ་དེར་རྡིབས་སྐྱོན་བྱུང་ནས་མི་གཉིས་རྐྱེན་ལམ་དུ་ཤོར་མྱོང་བ་རེད་ཟེར།

པའོ་ལིང་རི་རྩེ་དེ་ཧྥ་རན་སི་དང་དབྱི་ཐཱ་ལེའི་མཐའ་མཚམས་སུ་གནས་པ་དང་། མཚོ་འཕགས་ལ་སྨིད་སྟོང་བཞི་དང་བརྒྱད་བརྒྱ་ལྷག་ཡོད་ལ། ཨ་ཨར་པིས་སི་རི་བརྒྱུད་ཀྱི་ཆེས་མཐོ་བའི་རི་རྩེ་ཞིག་ཡིན་པར་མ་ཟད། རི་འཛེག་དང་གངས་ཤུད་ཀྱི་གནས་མཆོག་ཅིག་ཡིན་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།