ཧྥ་རན་སིའི་ལྷོ་ཕྱོགས་ཀྱི་མཱ་སེ་གྲོང་ཁྱེར་གྱི་སྡོད་དམངས་ཐོག་ཁང་ཞིག་ལ་ཚེས་དགུ་ཉིན་གྱི་ཞོགས་པར་འགས་གཏོར་བྱུང་རྗེས་རྡིབས་སྐྱོན་བྱུང་སྟེ། ཉུང་མཐར་ཡང་མི་ལྔར་རྨས་ཕོག་པ་དང་གཞན་ཡང་མི་བརྒྱད་གར་སོང་རྙེད་མེད་ཟེར།
མཱ་སེའི་ཉེན་རྟོག་ཕྱོགས་ཀྱིས་ཉིན་དེའི་དགོང་མོར་སྤེལ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། གྲོང་ཁྱེར་ལྟེ་གནས་ཀྱི་སྡོད་དམངས་ཐོག་ཁང་ཞིག་ལ་ནམ་གུང་གི་མཚམས་སུ་འགས་གཏོར་བྱུང་སྟེ་མེ་སྐྱོན་བྱུང་བ་དང་། དེའི་རྗེས་སུ་ཐོག་ཁང་དེར་རྡིབས་སྐྱོན་བྱུང་བར་མ་ཟད། དེར་འབྲེལ་བའི་ཐོག་ཁང་གཞན་པ་གཉིས་ལའང་གཏོར་བརླག་ཐེབས། དེའི་ནང་ཐོག་ཁང་གཅིག་ལའང་དུས་ཚོད་འགའི་རྗེས་སུ་རྡིབས་སྐྱོན་བྱུང་བ་རེད། ཉུང་མཐར་ཡང་མི་ལྔར་དོན་རྐྱེན་དེའི་ཁྲོད་རྨས་ཕོག་པ་དང་། གཞན་ཡང་མི་བརྒྱད་གར་སོང་རྙེད་མེད། དོན་རྐྱེན་བྱུང་བའི་ཐོག་ཁང་དེ་གསུམ་པོ་ཉེན་ཁང་མིན་ལ། མིག་སྔར་ཡུལ་དངོས་སུ་སྔར་བཞིན་གཏན་འཇགས་མིན་པ་དང་། དུད་ནག་འཕྱུར་བཞིན་ཡོད་པས། ཁྲིམས་འཛིན་ཆེད་མཁས་པས་ཡུལ་དངོས་ནས་འགས་གཏོར་བྱུང་བའི་རྒྱུ་རྐྱེན་ལ་རྟོག་ཞིབ་གསལ་བོ་བྱེད་ཐབས་མེད། རྒུད་སྐྱོབ་བྱ་བ་མུ་མཐུད་དུ་སྤེལ་བཞིན་ཡོད།
ཧྥ་རན་སིའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ཞིབ་དཔྱོད་ཕྱོགས་ཀྱིས་མིག་སྔར་དོན་རྐྱེན་དེར་རྟོག་ཞིབ་བྱེད་བཞིན་ཡོད། བདེ་འཇགས་ལ་བསམ་བློ་བཏང་སྟེ་ས་གནས་སྲིད་གཞུང་གིས་ཉེ་འཁོར་གྱི་སྡོད་དམངས་བརྒྱ་དང་གྱ་དྲུག་གནས་གཞན་ལ་བསྐྱལ་ཡོད་པ་རེད་ཟེར།
ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་གིས་ཚེས་དགུ་ཉིན་གྱི་སྔ་དྲོར་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ། གནོད་པ་ཐེབས་པའི་སྡོད་དམངས་ལ་སེམས་ཁུར་དང་འཚམས་འདྲི་བྱས་པར་མ་ཟད། རྒུད་སྐྱོབ་མི་སྣར་བཀའ་དྲིན་ཞུས། ཧྥ་རན་སིའི་ནང་སྲིད་བློན་ཆེན་ཏཱ་ཨར་མཱ་ཉིང་ཉིན་དེའི་སྔ་དྲོར་དོན་རྐྱེན་བྱུང་སའི་ཡུལ་དངོས་སུ་སོང་བ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།