ཡེ་མིན་ཧུའུ་སེ་དྲག་ཆས་པས་ཚེས་དགུ་ཉིན་བཤད་རྒྱུར། སོ་ཏི་ཨ་རབ་ཀྱི་འཐུས་ཚབ་ཚོགས་པ་ཞིག་ཚེས་བརྒྱད་ཉིན་གྱི་དགོང་མོར་ཡེ་མིན་གྱི་རྒྱལ་ས་སཱ་ནཱ་རུ་འབྱོར་བ་དང་། ཧུའུ་སེ་དྲག་ཆས་རྩ་འཛུགས་པའི་མགོ་ཁྲིད་པ་དང་མཉམ་དུ་འཁྲུག་རྩོད་མཚམས་འཇོག་པར་གྲོས་བསྡུར་བྱེད་པའི་འཆར་གཞི་ཡོད་ཟེར།
ཧུའུ་སེ་དྲག་ཆས་པས་ཚོད་འཛིན་བྱེད་པའི་མཱ་ཞི་ལཱ་བརྙན་འཕྲིན་ཁང་གིས་ཚེས་དགུ་ཉིན་བཤད་རྒྱུར། སོ་ཏི་ཨ་རབ་ཀྱི་འཐུས་ཚབ་ཚོགས་པ་དང་ཨ་མན་གྱི་དཔོན་རིགས་དག་མཉམ་དུ་སཱ་ནཱ་རུ་འབྱོར་བ་དང་། ཁོ་ཚོས་ཧུའུ་སེ་དྲག་ཆས་པའི་མཐོ་རིམ་དཔོན་པོ་མེད་ཧི་ཏིས་མཱ་ཧྲ་ཐི་ལ་ཐུག་འཕྲད་བྱེད་རྒྱུ་ཡིན་ལ། ཉིས་སྟོང་ཉེར་གཉིས་ལོའི་ཟླ་བཅུ་བར་ཡུན་ཚད་ལོངས་པའི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་མུ་མཐུད་དུ་འགོད་པར་གྲོས་བསྡུར་བྱེད་རྒྱུ་རེད་ཟེར།
ཡེ་མིན་འཁྲུག་རྩོད་ཕྱོགས་ཁག་གིས་ན་ནིང་ཟླ་བཞི་བའི་ཚེས་གཉིས་ཉིན་ནས་བཟུང་ཟླ་ངོ་གཉིས་རིང་འཁྲུག་རྩོད་མཚམས་འཇོག་པར་ཡིད་འཐད་བྱུང་བ་དང་། འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་དེའི་ཡུན་ཚད་ལོངས་རྗེས་ན་ནིང་གི་ཟླ་བཅུ་བའི་ཚེས་གཉིས་ཉིན་བར་ཐེངས་གཉིས་ལ་ཇེ་རིང་དུ་བཏང་བ་རེད། དེའི་རྗེས་སུ་འཁྲུག་རྩོད་ཕྱོགས་ཁག་སོ་སོས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་གྱི་ལག་བསྟར་ཡུན་ཚད་ཇེ་རིང་དུ་གཏོང་བའི་ཐད་ནས་གྲོས་མཐུན་འགོད་མ་ཐུབ་པ་རེད།
མཚམས་བཞག་ནས་ཡུན་རིང་འགོར་བའི་ཡེ་མིན་གྱི་ཞི་བདེའི་འཕེལ་རིམ་ལ་ཉེ་སྔོན་གྲུབ་འབྲས་གལ་ཆེན་ཐོབ་ཡོད། ཟླ་འདིའི་ཚེས་དྲུག་ཉིན། ཡེ་མིན་སྲིད་གཞུང་གི་མཐོ་རིམ་དཔོན་རིགས་ཀྱིས་སོ་ཏི་ཨ་རབ་ཀྱི་རྒྱལ་ས་ལེ་ཡཱ་ཏི་ནས་སོ་ཏི་ཨ་རབ་ཀྱི་རྒྱལ་སྲུང་བློན་ཆེན་ཧཱ་ལི་ཏི་པིན་སཱ་ལེ་མན་དང་གྲོས་མོལ་བྱས་ཏེ། ཕྱོགས་ཡོངས་ནས་ཡེ་མིན་གྱི་ཞི་བདེ་སླར་གསོ་བྱེད་པའི་ལམ་ཐིག་རི་མོར་གྲོས་བསྡུར་བྱས་པར་མ་ཟད། ཧུའུ་སེ་དྲག་ཆས་པ་དང་བཅས་པའི་མཉམ་འབྲེལ་སྲིད་གཞུང་འཛུགས་པའི་ཇུས་གཞིར་གྲོས་བསྡུར་བྱས་པ་རེད།
ཧུའུ་སེ་དྲག་ཆས་པས་ཚེས་བརྒྱད་ཉིན་བཤད་རྒྱུར། སོ་ཏི་ཨ་རབ་ཀྱིས་ཉིན་དེར་བཀག་འཇུག་བྱེད་པའི་ཧུའུ་སེ་དྲག་ཆས་རྩ་འཛུགས་ཀྱི་མི་སྣ་བཅུ་གསུམ་བཙོན་གྲོལ་བཏང་ནས་ཧུའུ་སེ་དྲག་ཆས་པར་སོ་ཏི་ཨ་རབ་ཀྱི་མི་གཅིག་ཕྱིར་གཏོང་དུ་བཅུག འཁྲུག་རྩོད་བྱེད་པའི་ཕྱོགས་ཁག་སོ་སོས་གཞི་རྒྱ་ཆེ་བའི་བཟུང་དམག་བརྗེ་སྤོར་འགུལ་སྐྱོད་དེ་གཟའ་འཁོར་རྗེས་མར་སྤེལ་རྒྱུ་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།