དབྱི་ལིང་ཕྱི་འབྲེལ་པུའུ་ཡིས་སོ་ཏི་ཨ་རབ་བར་གྱི་འབྲེལ་བ་སླར་གསོ་བྱས་པ་ལས་ས་ཁུལ་གྱི་མཉམ་ལས་ཐད་ཤུགས་རྐྱེན་གལ་ཆེན་ཐོན་སྲིད་པར་བསྟན།
2023.04.11 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 22

དབྱི་ལིང་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཁཱ་ནཱ་ནེ་ཡིས་ཚེས་བཅུ་ཉིན་བཤད་རྒྱུར། དབྱི་ལིང་དང་སོ་ཏི་ཨ་རབ་ཀྱི་ཕྱི་ཕྱོགས་འབྲེལ་བ་སླར་གསོ་བྱས་པ་ལས་ས་ཁུལ་གྱི་མཉམ་ལས་ཐད་ཤུགས་རྐྱེན་གལ་ཆེན་ཐེབས་སྲིད་པ་དང་། དེ་ས་ཁུལ་གྱི་ཞི་བདེ་དང་གཏན་འཇགས། བདེ་འཇགས་བཅས་མངོན་འགྱུར་བྱེད་པར་ཕན་ཐོགས་ཡོད་ཟེར།

ཁཱ་ནཱ་ནེ་ཡིས་ཉིན་དེར་རྒྱུན་ལྡན་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། དབྱི་ལིང་དང་སོ་ཏི་ཨ་རབ་རྒྱལ་ཁབ་གཉིས་ཀྱིས་ཕྱི་ཕྱོགས་འབྲེལ་བ་སླར་གསོ་བྱེད་པའི་ཐད་ནས་བཀོད་པའི་གྲོས་མཐུན་ལ་ས་ཁུལ་རང་དུ་ཤུགས་རྐྱེན་ཆེན་པོ་ཐེབས་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་རིམ་པ་ནས་ཀྱང་དགའ་བསུ་ཐོབ་ཡོད། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ལེགས་བཅོས་དང་སླར་གསོ་དེས་ཕྱོགས་གཉིས་ལ་ཤུགས་རྐྱེན་ཐེབས་སྲིད་པར་མ་ཟད། ས་ཁུལ་རང་དང་ས་ཁུལ་གཞན་པར་ད་རུང་ཤུགས་རྐྱེན་གལ་ཆེན་ཐེབས་སྲིད་ཟེར།

ཁོས་བསྟན་དོན། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སླར་གསོ་བྱས་པ་དེ་ས་ཁུལ་གྱི་ཞི་བདེ་དང་གཏན་འཇགས། བདེ་འཇགས་བཅས་མངོན་འགྱུར་བྱེད་པར་ཕན་ཐོགས་ཡོད་ཅིང་། རྒྱལ་ཁབ་གཉིས་དང་བཅས་པའི་ས་ཁུལ་རང་གི་རྒྱལ་ཁབ་བར་གྱི་དཔལ་འབྱོར་ཉོ་ཚོང་འབྲེལ་བར་སྐུལ་འདེད་ཀྱི་ནུས་པ་ཐོན་སྲིད་ཟེར།

སོ་ཏི་ཨ་རབ་དང་དབྱི་ལིང་བར་ཉིས་སྟོང་བཅུ་དྲུག་ལོར་འབྲེལ་ཐག་ཆད་པ་རེད། ཀྲུང་གོའི་རྒྱབ་སྐྱོར་འོག སོ་ཏི་ཨ་རབ་དང་དབྱི་ལིང་རྒྱལ་ཁབ་གཉིས་ཀྱི་འཐུས་མིས་ད་ལོའི་ཟླ་གསུམ་པའི་ཚེས་དྲུག་ཉིན་ནས་ཚེས་བཅུ་ཉིན་བར་པེ་ཅིང་ནས་གྲོས་མོལ་བྱས་པ་དང་། ཀྲུང་གོ་དང་སོ་ཏི་ཨ་རབ། དབྱི་ལིང་བཅས་ཕྱོགས་གསུམ་གྱིས་མཉམ་འབྲེལ་གསལ་སྒྲོག་སྤེལ་ཏེ། སོ་ཏི་ཨ་རབ་དང་དབྱི་ལིང་ཕྱོགས་གཉིས་ཀྱིས་ཕྱི་ཕྱོགས་འབྲེལ་བ་སླར་གསོ་བྱེད་པར་ཡིད་འཐད་བྱུང་བ་ཁྱབ་བསྒྲགས་བྱས། པེ་ཅིང་གྲོས་མཐུན་བཀོད་དེ་ཕྱོགས་གཉིས་ཀྱིས་མཉམ་དུ་འབད་བརྩོན་བྱས་ནས་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞིར་སྲུང་སྐྱོབ་བྱས་ཏེ། རྒྱལ་སྤྱིའི་ས་ཁུལ་གྱི་ཞི་བདེ་དང་བདེ་འཇགས་ལ་སྐུལ་འདེད་གཏོང་རྒྱུ་ནན་བཤད་བྱས།


བསོད་ནམས་ཚེ་རིང་གིས་བསྒྱུར།