ཡེ་མིན་སྲིད་གཞུང་གིས་ཚེས་བཅུ་ཉིན་གསལ་སྒྲོག་སྤེལ་ཏེ། སོ་ཏི་ཨ་རབ་ཀྱི་འཐུས་ཚབ་ཚོགས་པ་དང་ཧུའུ་སེ་དྲག་ཆས་པས་ཞི་བའི་གྲོས་མོལ་བྱས་པར་དགའ་བསུ་ཞུས།
གསལ་སྒྲོག་ལས་བཤད་རྒྱུར། ཡེ་མིན་སྲིད་གཞུང་གིས་སོ་ཏི་ཨ་རབ་དང་ཧུའུ་སེ་དྲག་ཆས་པའི་ཕྱི་འབྲེལ་ཐད་ཀྱི་བྱ་བར་དགའ་བསུ་བྱེད་བཞིན་ཡོད་པ་དང་། ཞི་བའི་གྲོས་མོལ་ལ་གྲུབ་འབྲས་བཟང་བོ་ཐོབ་པར་རེ་བཞིན་ཡོད་ཟེར།
གསལ་སྒྲོག་ལས་ད་རུང་བཤད་རྒྱུར། སོ་ཏི་ཨ་རབ་དང་དབྱི་ལིང་གིས་ཉེ་སྔོན་ཕྱི་ཕྱོགས་འབྲེལ་བ་སླར་གསོ་བྱས་རྗེས། ཡེ་མན་དུ་སྔོན་ཆད་ཀྱི་དུས་སྐབས་གང་ལས་ཀྱང་ཞི་བདེ་མངོན་འགྱུར་བྱེད་ཐུབ་ངེས་རེད་ཟེར།
ཚེས་དགུ་ཉིན། ཧུའུ་སེ་དྲག་ཆས་པའི་མཐོ་རིམ་དཔོན་པོ་མེད་ཧི་ཏིས་མཱ་ཧྲ་ཐི་ཡིས་ཡེ་མིན་གྱི་རྒྱལ་ས་སཱ་ནཱ་ནས་ཡེ་མིན་དུ་སྡོད་པའི་སོ་ཏི་ཨ་རབ་ཀྱི་གཞུང་ཚབ་ཆེན་མོ་མུའུ་ཧན་མའོ་ཏི་ཅཱ་པུས་ཨར་གྱིས་ཁྲིད་པའི་སོ་ཏི་ཨ་རབ་ཀྱི་འཐུས་ཚབ་ཚོགས་པར་ཐུག་འཕྲད་བྱས། ཕྱོགས་གཉིས་ཀྱིས་ཉིས་སྟོང་ཉེར་གཉིས་ལོའི་ཟླ་བཅུ་བར་ཡུན་ཚད་ལོངས་པའི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་མུ་མཐུད་དུ་འགོད་པ་སོགས་ཀྱི་གླེང་གཞིར་གྲོས་བསྡུར་བྱས།
ཡེ་མིན་འཁྲུག་རྩོད་ཕྱོགས་ཁག་གིས་ན་ནིང་ཟླ་བཞི་བའི་ཚེས་གཉིས་ཉིན་ནས་བཟུང་ཟླ་ངོ་གཉིས་རིང་འཁྲུག་རྩོད་མཚམས་འཇོག་པར་འཐད་པ་བྱུང་། འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་དེའི་ཡུན་ཚད་ལོངས་རྗེས་ན་ནིང་གི་ཟླ་བཅུ་བའི་ཚེས་གཉིས་ཉིན་པར་ཐེངས་གཉིས་ལ་ཇེ་རིང་དུ་བཏང་བ་རེད། དེའི་རྗེས་སུ་འཁྲུག་རྩོད་ཕྱོགས་ཁག་སོ་སོས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་གྱི་ལག་བསྟར་ཡུན་ཚད་ཇེ་རིང་དུ་གཏོང་ཐུབ་མེད།
མཚམས་བཞག་ནས་ཡུན་རིང་འགོར་བའི་ཡེ་མིན་གྱི་ཞི་བདེའི་འཕེལ་རིམ་ལ་ཉེ་སྔོན་གྲུབ་འབྲས་གལ་ཆེན་ཐོབ། ཟླ་འདིའི་ཚེས་དྲུག་ཉིན། ཡེ་མིན་སྲིད་གཞུང་གི་མཐོ་རིམ་དཔོན་པོས་སོ་ཏི་ཨ་རབ་ཀྱི་རྒྱལ་ས་ལེ་ཡཱ་ཏི་ནས་སོ་ཏི་ཨ་རབ་ཀྱི་རྒྱལ་སྲུང་བློན་ཆེན་ཧཱ་ལི་ཏི་པིན་སཱ་ལེ་མན་དང་གྲོས་མོལ་བྱས་ཏེ། ཕྱོགས་ཡོངས་ནས་ཡེ་མིན་གྱི་ཞི་བདེའི་ལམ་ཐིག་རི་མོ་སླར་གསོ་བྱེད་པ་དང་། ཧུའུ་སེ་དྲག་ཆས་པ་དང་བཅས་པའི་མཉམ་འབྲེལ་སྲིད་གཞུང་རྩ་འཛུགས་བྱེད་པའི་ཇུས་གཞིར་གྲོས་བསྡུར་བྱས་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།