ཀྲུང་གོ་དང་འཇར་པན་གྱིས་རྒྱ་མཚོའི་ལས་དོན་གྱི་མཐོ་རིམ་གྲོས་མོལ་རྐྱེན་སྲོལ་གྱི་སྐོར་ཐེངས་བཅོ་ལྔ་བའི་གྲོས་མོལ་བསྡུས།
2023.04.11 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 21

ཉིས་སྟོང་ཉེར་གསུམ་ལོའི་ཟླ་བཞི་བའི་ཚེས་བཅུ་ཉིན། ཀྲུང་གོ་དང་འཇར་པན་གྱིས་རྒྱ་མཚོའི་ལས་དོན་གྱི་མཐོ་རིམ་གྲོས་མོལ་རྐྱེན་སྲོལ་གྱི་སྐོར་ཐེངས་བཅོ་ལྔ་བ་འཇར་པན་གྱི་ཏུང་ཅིང་ནས་བསྡུས། ཀྲུང་གོའི་ཕྱི་འབྲེལ་པུའུ་ཡི་རྒྱལ་མཚམས་དང་རྒྱ་མཚོའི་ལས་དོན་ཟི་ཡི་ཟི་ཀྲང་ཧོང་ལིང་དང་འཇར་པན་ཕྱི་འབྲེལ་པུའུ་ཡི་ཨེ་ཤ་ཡཱ་དང་རྒྱ་མཚོ་ཆེན་མོ་གླིང་ཅུའུ་ཡི་ཅུའུ་ཀྲང་ཁྲོན་ཡའོ་ཅན་ཡུས་གཉིས་ཀྱིས་མཉམ་དུ་མགོ་འཛིན་བྱས། ཀྲུང་གོའི་ཕྱོགས་ཀྱི་ཕྱི་འབྲེལ་པུའུ་དང་། ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་གཞུང་སྒྲུབ་ཁང་། རྒྱལ་སྲུང་པུའུ། རང་དབང་ཐོན་ཁུངས་པུའུ། སྐྱེ་ཁམས་ཁོར་ཡུག་པུའུ། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ། ཞིང་ལས་ཞིང་སྡེའི་པུའུ། རྒྱལ་ཁབ་ནུས་ཁུངས་ཅུའུ། ཀྲུང་གོའི་རྒྱ་མཚོའི་ཉེན་རྟོག་ཅུའུ། དེ་མིན་འཇར་པན་ཕྱོགས་ཀྱི་ཕྱི་འབྲེལ་པུའུ་དང་། སྲིད་འཛིན་མགྲིན་ཚབ་ཁང་། སྲིད་འཛིན་ལས་ཁུངས། ཁོར་ཡུག་ལས་དོན་ཁང་། རྒྱལ་ཁོངས་འགྲིམ་འགྲུལ་ཁང་། འགོག་སྲུང་པུའུ། ཆུ་ཐོན་ཐིན། ཐོན་ཁུངས་ནུས་ཁུངས་ཐིན། མཚོ་ཐོག་བདེ་སྲུང་ཐིན་སོགས་ཀྱིས་སོ་སོར་འཐུས་མི་མངག་ནས་ཚོགས་འདུར་ཞུགས་ཡོད།

ཕྱོགས་གཉིས་ཀྱིས་ཚང་འཛོམས་གྲོས་ཚོགས་དང་མཚོ་ཐོག་འགོག་སྲུང་། མཚོ་ཐོག་ཁྲིམས་བསྟན་དང་བདེ་འཇགས། རྒྱ་མཚོའི་དཔལ་འབྱོར་བཅས་བྱ་བའི་ཚན་ཆུང་གསུམ་གྱི་གྲོས་ཚོགས་བསྡུས་ཏེ། རྒྱལ་ཁབ་གཉིས་བར་གྱི་རྒྱ་མཚོའི་ལས་དོན་ཐད་ནས་ཕྱོགས་ཡོངས་ནས་བསམ་འཆར་བརྗེ་རེས་ཟབ་མོ་བྱས། ཕྱོགས་གཉིས་ཀྱིས་གཅིག་གྱུར་སྒོས་བལྟས་ན། ད་ལོ་ནི་ཀྲུང་གོ་དང་འཇར་པན་གྱི་ཞི་བདེ་མཛའ་མཐུན་ཆིངས་ཡིག་བཀོད་ནས་ལོ་ངོ་ཞེ་ལྔ་འགོར་བའི་ལོ་ཡིན་ཞིང་། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པའི་ཐུན་མོང་ལྟ་ཚུལ་གལ་ཆེན་མཛུབ་སྟོན་དུ་བཟུང་ནས། ཆིངས་ཡིག་གི་དགོངས་དོན་ཕྱིར་དྲན་དང་བརྩི་སྲུང་བྱས་ཏེ། ཀྲུང་གོ་དང་འཇར་པན་གྱི་ཐུན་མོང་ལྟ་ཚུལ་གྱི་རྩ་དོན་བཞི་གཞིར་བཟུང་ཐོག་གྲོས་མོལ་ལ་བརྟེན་ནས་རྒྱ་མཚོ་དང་འབྲེལ་བའི་འགལ་བ་ཐག་གཅོད་གང་ལེགས་བྱེད་པ་དང་། རྒྱ་མཚོའི་ཁྱབ་ཁོངས་ཀྱི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། ཤར་ཕྱོགས་རྒྱ་མཚོ་དེ་ཞི་བདེ་དང་མཉམ་ལས། མཛའ་མཐུན་བཅས་ཀྱི་མཚོ་ཁོངས་ཤིག་ཏུ་འཛུགས་སྐྲུན་བྱས་ཏེ། དུས་རབས་གསར་བའི་རེ་བ་དང་འཚམ་པའི་ཀྲུང་གོ་དང་འཇར་པན་གྱི་འབྲེལ་བ་འཛུགས་པའི་ཐད་ནུས་པ་འདོན་པར་སྐུལ་འདེད་གཏོང་དགོས་ཟེར།

ཀྲུང་གོ་ཕྱོགས་ཀྱིས་འཇར་པན་གྱིས་ཉེ་སྔོན་ཤར་ཕྱོགས་མཚོ་ཁོངས་དང་ཏའོ་ཡུས་གླིང་ཕྲན། ལྷོ་ཕྱོགས་རྒྱ་མཚོ། ཐེ་ཝན་སོགས་གནད་དོན་ཐད་མངོན་པའི་རྣམ་འགྱུར་མི་ལེགས་པར་དམིགས་ནས་རང་གི་ལངས་ཕྱོགས་གཟབ་ནན་གྱིས་བསྟན་པ་དང་། འཇར་པན་ཕྱོགས་ཀྱིས་ཀྲུང་གོའི་མངའ་ཁོངས་ཆ་ཚང་ཡོང་བ་དང་བདག་དབང་ལ་གནོད་པ་ཡོད་ལ། ཀྲུང་གོ་ཕྱོགས་ཀྱི་རྒྱ་མཚོའི་ཁེ་དབང་ལ་གནོད་པ་ཐེབས་ནས་གནས་བབ་རྙོག་འཛིང་དུ་གཏོང་སྲིད་པའི་གཏམ་སྤྱོད་གང་རུང་མཚམས་འཇོག་དགོས་པ་དང་། ཐེ་ཝན་གྱི་གནད་དོན་ལ་ཐེ་གཏོགས་བྱེད་མི་ཆོག་པའི་རེ་བ་བཏོན། ཀྲུང་གོ་ཕྱོགས་ཀྱིས་ཡང་བསྐྱར་འཇར་པན་གྱིས་རྒྱ་མཚོའི་ནང་ཉིང་རྡུལ་བཙོག་ཆུ་ཕྱིར་གཏོང་བའི་འཆར་གཞིར་སེམས་ཁུར་བྱེད་པའི་ཚུལ་བསྟན་པ་དང་། འཇར་པན་ཕྱོགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ལུགས་མཐུན་སེམས་ཁུར་དང་ལེན་བྱེད་དགོས་པ་དང་། རྒྱ་མཚོའི་ཁོར་ཡུག་དང་མིའི་རིགས་ཀྱི་བདེ་ཐང་ལ་འགན་ཁུར་བའི་རྣམ་འགྱུར་བཟུང་སྟེ། ཡོངས་བསྒྲགས་དང་མངོན་གསལ། ཚན་རིག བདེ་འཇགས་བཅས་ཀྱི་བྱེད་ཐབས་བཀོལ་ནས་ཐག་གཅོད་འོས་འཚམ་བྱེད་དགོས་པའི་སྐུལ་མ་བཏང་།


བསོད་ནམས་ཚེ་རིང་གིས་བསྒྱུར།