ཧོང་ཏུ་རཱ་སིའི་ཙུང་ཐུང་གི་བློ་འདོན་པ། སྔོན་ཆད་ཀྱི་ཙུང་ཐུང་སེ་ལཱ་ཡཱ་ཡིས་ཉེ་སྔོན་བསྟན་དོན། ཧོང་ཏུ་རཱ་སི་དང་ཀྲུང་གོ་རྒྱལ་ཁབ་གིས་ཀྱིས་རྒྱལ་སྐྱོང་སྲིད་འཛིན་ཐད་ཀྱི་བརྗེ་རེས་ལ་ཤུགས་སྣོན་བྱས་ཏེ། མཉམ་དུ་རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུའི་རེ་བ་བཏོན།
ཚེས་བཞི་ཉིན་སེ་ལཱ་ཡཱ་དང་ཧོང་ཏུ་རཱ་སིའི་ཕྱི་འབྲེལ་བློན་ཆེན་ལོས་ནཱ་ཡིས་ཙུང་ཐུང་བཞུགས་ཤག་ནས་ཧོང་ཏུ་རཱ་སི་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གི་འཛུགས་སྐྲུན་ཚན་ཆུང་གི་ཚན་གཙོ་ཡུས་པའོ་ལ་ཐུག་འཕྲད་བྱས། སེ་ལཱ་ཡཱ་ཡིས་བསྟན་དོན། ཉེ་སྔོན་ཁོས་ཞི་ཅིན་ཕིང་གི་རྒྱལ་སྐྱོང་སྲིད་འཛིན་ཞེས་པ་ཀློག་འདོན་བྱེད་བཞིན་ཡོད་ཅིང་། ཀྲུང་གོའི་རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་བཟང་བོར་ཧོང་ཏུ་རཱ་སི་ཡིས་སློབ་སྦྱོང་དང་དཔྱད་གཞིར་འཛིན་པའི་རིན་ཐང་ཡོད་ཅིང་། རྒྱལ་ཁབ་གཉིས་ཀྱི་བརྗེ་རེས་ལ་ཤུགས་སྣོན་བྱེད་པ་དང་། ཁྱད་པར་དུ་དབུལ་ཐར་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་པར་རེ་བཞིན་ཡོད་ཟེར།
སེ་ལཱ་ཡཱ་ཡིས་ཙུང་ཐུང་ཁཱ་སི་ཐི་ལོ་ཡི་ཚབ་བྱས་ཏེ་གཞུང་ཚབ་ཁང་འཛུགས་སྐྲུན་ཚན་ཆུང་ལ་དགའ་བསུ་ཞུས་པ་དང་། ཧོང་ཏུ་རཱ་སིའི་སྲིད་གཞུང་གིས་དུས་ཚོད་དམ་འཛིན་བྱེད་པའི་སྙིང་སྟོབས་ཀྱིས་ཀྲུང་གོའི་བར་གྱི་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་རྗེས་ཀྱི་བྱ་བ་སྣ་ཚོགས་ལ་སྐུལ་འདེད་གཏོང་རྒྱུའི་ཚུལ་བསྟན།
ད་ལོའི་ཟླ་གསུམ་པའི་ཚེས་ཉེར་དྲུག་ཉིན། ཀྲུང་གོ་དང་ཧོང་ཏུ་རཱ་སི་ཡིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཧོང་ཏུ་རཱ་སི་སྤྱི་མཐུན་རྒྱལ་ཁབ་བར་ཕྱི་ཕྱོགས་འབྲེལ་བ་འཛུགས་པའི་མཉམ་འབྲེལ་སྤྱི་སྒྲོག་བཀོད། ཟླ་བཞི་བའི་ཚེས་བཞི་ཉིན། ཧོང་ཏུ་རཱ་སི་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གི་འཛུགས་སྐྲུན་ཚན་ཆུང་ཧོང་ཏུ་རཱ་སིའི་རྒྱལ་ས་ཐི་ཀུའུ་ཞི་ཅཱ་ཨར་པཱ་རུ་འབྱོར་བ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།