ཧན་གོའི་ཆེས་ཆེ་བའི་སྲིད་དབང་བཟུང་མེད་པའི་ཏང་ཐུན་མོང་དམངས་གཙོ་ཏང་གིས་ཚེས་བཅུ་ཉིན་དབྱིན་ཞེ་ཡའོ་ཡི་སྲིད་གཞུང་གིས་ཕྱི་ཕྱོགས་སྨྱན་བྱད་ཀྱིས་བསྒྲགས་པའི་ཨ་མེ་རི་ཁའི་གསང་འཕྲིན་སྡེ་ཁག་གིས་ཧན་གོའི་སྲིད་གཞུང་ལ་ལྐོག་ཉན་བྱེད་པའི་གནད་དོན་མྱུར་དུ་ཐག་གཅོད་བྱེད་དགོས་པ་དང་། ཨ་མེ་རི་ཁའི་སྲིད་གཞུང་ལ་ངོ་རྒོལ་དྲག་པོ་བྱས་ཏེ་དོན་དངོས་ལ་རྩད་གཅོད་བྱེད་དགོས་པའི་སྐུལ་མ་བཏང་།
ཐུན་མོང་དམངས་གཙོ་ཏང་གི་འཐུས་མི་ཕེའོ་ཧོང་ཀིན་གྱིས་ཉིན་དེར་རྒྱལ་ཚོགས་ནས་སྤེལ་བའི་ཏང་ཁག་དེའི་ཆེས་མཐོའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་སྟེང་བསྟན་དོན། གལ་ཏེ་ཕྱི་ཕྱོགས་སྨྱན་བྱད་ཀྱིས་བསྒྲགས་པ་དེ་དོན་དངོས་ཡིན་ན། དེ་ནི་བདག་དབང་ལ་གནོད་པ་དང་ཕྱི་ཕྱོགས་འབྲེལ་བར་གཏོར་བརླག་གཏོང་བའི་བྱ་སྤྱོད་ཅིག་ཡིན་ལ། ཐད་ཀར་དུ་རྒྱལ་ཁབ་གཉིས་ཀྱི་ཡིད་ཆེས་འབྲེལ་བར་གཏོར་བརླག་བྱེད་སྲིད། ཡིན་ཡང་དབྱིན་ཞེ་ཡའོ་སྲིད་གཞུང་གིས་དོན་དག་དེ་མྱུར་མོར་ཐག་གཅོད་མ་བྱས་པར་གྲོས་མོལ་བྱེད་རྒྱུའི་བསམ་ཚུལ་ཙམ་བསྟན་པ་རེད་ཟེར། ཕེའོ་ཧོང་ཀིན་གྱིས་ད་རུང་མྱུར་མོར་འབྲེལ་ཡོད་ཀྱི་གྲོས་ཚོགས་བསྡུས་ནས་དོན་དངོས་ལ་རྩད་གཅོད་བྱེད་དགོས་པའི་རེ་བ་བཏོན།
ཐུན་མོང་དམངས་གཙོ་ཏང་གི་ཏང་གཙོ་ལིས་ཙེ་མེན་གྱིས་ཚོགས་ཐོག་ནས་བསྟན་དོན། དོན་དག་དེའི་ངོ་བོ་ཚབས་ཆེན་ཡིན་པ་དང་། དོན་དངོས་ཡིན་པ་བདེན་དཔང་བྱས་རྗེས་གཟབ་ནན་གྱིས་ཐག་གཅོད་བྱེད་དགོས་ཟེར། ཁོས་བསྟན་དོན། ཧན་གོ་ནི་བདག་དབང་རྒྱལ་ཁབ་ཅིག་ཡིན་པ་དང་། ཧན་གོ་དང་ཨ་མེ་རི་ཁ་ནི་མནའ་མཐུན་འབྲེལ་བ་ཅན་ཡིན་པས། མནའ་མཐུན་བར་ཆེས་སྲོག་ཤིང་དུ་གྱུར་བའི་རིན་ཐང་ནི་ཕན་ཚུན་ལ་བརྩི་འཇོག་བྱེད་རྒྱུ་དེ་ཡིན། མནའ་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་བཞུགས་ཤག་ལ་ལྐོག་ཉན་བྱས་པ་ནི་དང་ལེན་བྱེད་དཀའ་བ་ཞིག་རེད་ཟེར།
ཧན་གོའི་ཙུང་ཐུང་བཞུགས་ཤག་གི་དཔོན་རིགས་ཀྱིས་ཚེས་བཅུ་ཉིན་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ད་ལྟ་ཨ་མེ་རི་ཁའི་སྨྱན་བྱད་ཀྱིས་བསྒྲགས་པའི་ནང་དོན་ལ་དོན་དངོས་བདེན་དཔང་མེད་པ་དང་། ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཡིས་ཁྲིམས་འཛིན་པུའུ་མངག་ནས་རྟོག་ཞིབ་བྱེད་བཞིན་ཡོད། ཧན་གོས་དགོས་གལ་ཆེ་བའི་སྐབས་སུ་ཨ་མེ་རི་ཁ་ཕྱོགས་ཀྱིས་བྱེད་ཐབས་འོས་འཚམ་སྤྱོད་ངེས་ཡིན་ཟེར། ཧན་གོའི་ཙུང་ཐུང་བཞུགས་ཤག་གི་དཔོན་རིགས་ཀྱིས་ཚེས་བཅུ་ཉིན་ཧན་གོའི་མཉམ་འབྲེལ་འཕྲིན་གཏོང་ཁང་གི་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། མིག་སྔར་ཕྱི་ཕྱོགས་སྨྱན་བྱད་ཀྱིས་བསྒྲགས་པའི་གནས་ཚུལ་དེ་དོན་དངོས་ཡིན་མིན་གསལ་བོར་མི་ཤེས་པས། ཨ་མེ་རི་ཁའི་བར་གྲོས་མོལ་བྱེད་པའི་དགོས་པ་ཡོད་ཟེར།
ཧན་གོའི་མཉམ་འབྲེལ་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཧན་གོའི་ཙུང་ཐུང་བཞུགས་ཤག་གི་དཔོན་རིགས་ཀྱིས་ཚེས་དགུ་ཉིན་བསྟན་དོན། སྔོན་གྱི་དཔེ་སྲོལ་དང་རྒྱལ་ཁབ་གཞན་པའི་གནས་ཚུལ་དཔྱད་གཞིར་བཟུང་ནས་འབྲེལ་ཡོད་ཀྱི་ཐབས་ཇུས་ལ་གྲོས་བསྡུར་བྱེད་དགོས་ཟེར། དཔོན་པོ་དེས་བཤད་རྒྱུར། སྔོན་ཆད་ཐེངས་མང་བོར་རིགས་མཐུན་གྱི་གནས་ཚུལ་བྱུང་མྱོང་ཡང་། ཧན་གོ་དང་ཨ་མེ་རི་ཁའི་འབྲེལ་བའི་རྨང་གཞིར་གཡོ་འགུལ་གཏོང་བའི་ཚད་དུ་བསླེབས་མེད་ཟེར།
ཧན་གོའི་མཉམ་འབྲེལ་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཧན་གོའི་སྲིད་གཞུང་གིས་ཧན་གོ་དང་ཨ་མེ་རི་ཁའི་འབྲེལ་བར་ཡིད་ཆེས་པའི་རྣམ་འགྱུར་བསྟན་ཀྱང་། ཧན་གོ་རྒྱལ་ཁབ་ཀྱི་བདེ་འཇགས་ཁང་དང་ཙུང་ཐུང་ཉེན་སྲུང་ཁྲུའུ་ཡི་བདེ་སྲུང་ཞིབ་བཤེར་དང་ཤུགས་སྣོན་བྱེད་ཐབས་ལའང་གསང་སྟབས་ཀྱིས་གྲོས་བསྡུར་བྱེད་བཞིན་ཡོད་ཟེར།
ཧན་གོའི་རྒྱང་སྒྲོག་ཀུང་ཟི་ཡིས་བསྒྲགས་པ་ལྟར་ན། གལ་ཏེ་ཨ་མེ་རི་ཁས་མནའ་མཐུན་རྒྱལ་ཁབ་ལ་ལྐོག་ཉན་བྱས་པ་དོན་དངོས་ཡིན་ན། ཨ་མེ་རི་ཁའི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་མཚན་སྙན་གྲགས་ལ་གནོད་པ་ཐེབས་སྲིད་པ་ལྡོག་མེད་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།