ཕཱ་ལེ་སི་ཐན་གྱི་འཕྲོད་བསྟེན་པུའུ་ཡིས་ཚེས་བཅུ་གཅིག་ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ནཱ་པུའུ་ལུའུ་སི་གྲོང་ཁྱེར་ནས་ཕཱ་ལེ་སི་ཐན་གྱི་མི་གཉིས་བསད་ཟེར།
ཕཱ་ལེ་སི་ཐན་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ཕཱ་ལེ་སི་ཐན་གྱི་དྲག་ཆས་མི་སྣས་ཉིན་དེར་ནཱ་པུའུ་ལུའུ་སི་ཤར་ཕྱོགས་ཀྱི་གཏན་སྡོད་ས་ཁུལ་ཞིག་གི་ཉེ་འདབས་ནས་དབྱི་སི་རལ་གྱི་དམག་དཔུང་བར་འཁྲུག་རྩོད་བྱས་པ་དང་། ཕཱ་ལེ་སི་ཐན་གྱི་མི་གཉིས་འཁྲུག་རྩོད་ཁྲོད་བསད་པ་དང་། གཞན་ཡང་ཕཱ་ལེ་སི་ཐན་གྱི་མི་གཅིག་ལ་རྨས་ཕོག་ནས་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད་ལ། མིག་སྔར་རྨས་མའི་རྨས་སྐྱོན་གཏན་འཇགས་རེད་ཟེར།
དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་གསལ་སྒྲོག་སྤེལ་ཏེ། ཕཱ་ལེ་སི་ཐན་གྱི་མི་མང་བོས་ཉིན་དེར་རླངས་འཁོར་བསྐོར་ནས་ནཱ་པུའུ་ལུའུ་སིའི་ཞིབ་བཤེར་ས་ཚིགས་བརྒྱུད་སྐབས་དབྱི་སི་རལ་གྱི་དམག་དཔུང་ལ་མེ་མདས་བརྒྱབ་པ་དང་། དབྱི་སི་རལ་གྱི་དམག་དཔུང་གིས་ཕྱིར་རྒོལ་ལན་སྤྲད་ནས་མི་གཉིས་བསད་པ་རེད་ཟེར།
ད་ལོའི་ཚུན་ལ། ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་དམག་དཔུང་གིས་ཅོར་ཏན་གཙང་བོའི་ནུབ་འགྲམ་དང་ཡེ་ལུའུ་སཱ་ལེམ་གྱི་ས་ཁུལ་མང་བོ་ནས་ཕཱ་ལེ་སི་ཐན་གྱི་མིའི་བར་འཁྲུག་རྩོད་བྱས་ཏེ་ཤི་རྨས་བཟོས་ཡོད་པ་དང་། ཡེ་ལུའུ་སཱ་ལེམ་དུ་ཡང་དབྱི་སི་རལ་གྱི་མིར་དམིགས་པའི་མེ་མདས་བརྒྱབ་པའི་དོན་རྐྱེན་མང་དུ་བྱུང་། ཕཱ་ལེ་སི་ཐན་གྱིས་དབྱི་སི་རལ་བར་གྱི་བདེ་འཇགས་ཁྱབ་ཁོངས་ཀྱི་མཉམ་ལས་མཚམས་འཇོག་རྒྱུ་ཁྱབ་བསྒྲགས་བྱས་པ་དང་། དབྱི་སི་རལ་གྱིས་ཀྱང་ཕཱ་ལེ་སི་ཐན་གྱི་མིར་དམིགས་པའི་བྱེད་ཐབས་རེ་འགའ་ཁྱབ་བསྒྲགས་བྱས་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།