མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་གཞོན་པས་རྒྱུན་ལྡན་གྱི་མཚོན་ཆའི་ཁྲིམས་འགལ་བོགས་གཏོང་ལ་སྔོན་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་།
2023.04.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 33

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམག་ཆས་ཉུང་འཕྲིའི་ལས་དོན་ལ་འགན་ཁུར་བའི་དྲུང་ཡིག་ཆེན་མོ་གཞོན་པ་ཀྲུང་མན་ཆོན་གྱིས་ཚེས་བཅུ་ཉིན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བྱེད་ཐབས་སྤྱད་དེ། རྒྱུན་ལྡན་གྱི་མཚོན་ཆའི་ཁྲིམས་འགལ་བོགས་གཏོང་ལ་སྔོན་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་།

ཟླ་འདིའི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཨུ་རུ་སིས་རྩ་འཛུགས་བྱས་པའི་བྱ་འགུལ་གལ་ཆེན་ཞིག་ཡིན་པའི་ཆ་ནས། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས་བཅུ་ཉིན་མཚོན་ཆའི་བཀག་སྡོམ་དང་དམག་དོན་སྒྲིག་ཆས་ཀྱི་ཕྱིར་གཏོང་གྲོས་མཐུན་ལ་འགལ་བའི་ཉེན་ཁ་ཞེས་པ་ཁ་བྱང་དུ་བྱས་ཏེ་ཡོངས་བསྒྲགས་ཀྱི་དཔྱད་གླེང་ཚོགས་འདུ་བསྡུས། ཀྲུང་མན་ཆོན་གྱིས་ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཁྲིམས་འགལ་དང་བཀག་སྡོམ་བྱས་མེད་པའི་མཚོན་ཆའི་བོགས་གཏོང་ལས་དྲག་ཆས་དྲག་ཤུགས་དང་འཇིགས་སྐུལ་རིང་ལུགས་ལ་ངན་སྐུལ་དང་གནས་བབ་ཇེ་སྡུག་ཏུ་གཏོང་ངེས་རེད་ཟེར། ཁོ་མོས་ཁོངས་གཏོགས་རྒྱལ་ཁབ་སོ་སོས་རྒྱུན་ལྡན་གྱི་མཚོན་ཆའི་ཁྲིམས་འགལ་ཉོ་ཚོང་སྔོན་འགོག་བྱེད་པ་དང་། མཚོན་ཆ་དེ་དག་སྤྱོད་སྒོ་གཞན་དུ་བཀོལ་བར་སྔོན་འགོག་བྱེད་དགོས་པའི་སྐུལ་མ་བཏང་།

ཀྲུང་མན་ཆོན་གྱིས་བསྟན་དོན། མཚོན་ཆ་དང་མདེལ་རྫས་ཀྱི་ཁྲིམས་འགལ་ཉོ་ཚོང་དང་སྤྱོད་སྒོ་གཞན་དུ་བཀོལ་བ་ལས་བྱུང་བའི་ཉེན་ཁ་ཐག་གཅོད་བྱེད་ཆེད། རྒྱལ་ཁབ་སོ་སོས་རྒྱལ་སྤྱི་དང་ས་ཁུལ། ཕྱོགས་གཉིས་ཀྱི་རིམ་པ་ནས་མཚོན་ཆའི་དོ་དམ་ཚོད་འཛིན་གྱི་ཆིངས་ཡིག་དང་གྲོས་མཐུན། སྒྲོམ་གཞི་བཅས་རབ་དང་རིམ་པ་འགོད་དགོས་ལ། ཁོངས་གཏོགས་རྒྱལ་ཁབ་སོ་སོས་རང་ཉིད་ཞུགས་དུས་ཀྱི་རྒྱལ་སྤྱིའི་ཡིག་ཆའི་ཁྲོད་གཏན་འཁེལ་བྱས་པའི་འོས་འགན་བརྩི་སྲུང་བྱེད་དགོས་པའི་སྐུལ་མ་བཏང་།

ཀྲུང་མན་ཆོན་གྱིས་བསྟན་དོན། འབྲེལ་ཡོད་ཀྱི་རྒྱལ་སྤྱིའི་རྩ་དོན་ལྟར་ན། མཚོན་ཆ་དང་མདེལ་རྫས་གང་རུང་བོགས་གཏོང་བྱེད་པའི་བྱ་འགུལ་ལ་བོགས་གཏོང་སྔོན་གྱི་ཉེན་ཁའི་དཔྱད་འཇོག་དང་སྐྱེལ་འདྲེན་བྱས་རྗེས་ཀྱི་དོ་དམ་ཚོད་འཛིན་སོགས་འདུས་དགོས། མཚོན་ཆ་སྤྱོད་སྒོ་གཞན་དུ་བཀོལ་བར་སྔོན་འགོག་བྱེད་ཆེད་ནང་འདྲེན་རྒྱལ་ཁབ་དང་ཕྱིར་གཏོང་རྒྱལ་ཁབ་ཀྱི་མཉམ་ལས་དང་བརྡ་འཕྲིན་བརྗེ་རེས་བྱས་ནས། སྒོ་ཁྲལ་དང་མཐའ་མཚམས་དོ་དམ་བྱེད་ཐབས་སྤྱོད་དགོས་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།