མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲོས་ཚོགས་ནས་འཛམ་གླིང་ཡོངས་ཀྱི་སློབ་གསོའི་མདུན་དུ་ལྷགས་པའི་འགྲན་རྩོད་གནད་སར་བཟུང་ཡོད།
2023.04.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 30

མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་གྲངས་དང་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་སྐབས་ང་དྲུག་པ་ཚེས་བཅུ་ཉིན་ཉིག་ཡོ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས་ཚོགས་མགོ་བརྩམས། སྐབས་འདིའི་གྲོས་ཚོགས་ཀྱི་བརྗོད་སྙིང་ནི་མི་གྲངས་དང་སློབ་གསོ། རྒྱུན་མཐུད་འཕེལ་རྒྱས་བཅས་ཡིན་པ་དང་། འཛམ་གླིང་ཡོངས་ཀྱི་སློབ་གསོའི་དམིགས་འབེན་མངོན་འགྱུར་བྱེད་པའི་ཐད་ལྷགས་པའི་འགྲན་རྩོད་གནད་སར་བཟུང་ཡོད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་ལས་དྲུང་ཡིག་ཆེན་མོ་གཞོན་པ་ཨ་མེན་ནཱ་མུའུ་ཧན་མའོ་ཏི་ཡིས་ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་ཞུ་ཚིག་འབུལ་སྐབས་བསྟན་དོན། རྒྱལ་ཁབ་སོ་སོས་སློབ་གསོའི་གནད་དོན་ཐད་ནས་དམ་བཅའ་བཞག་སྟེ་གྲུབ་འབྲས་ངེས་ཅན་བླངས་ཡོད་ཀྱང་། མིག་སྔའ་འཛམ་གླིང་ཡོངས་སུ་བྱིས་པ་དང་ན་གཞོན་ལོ་ཆུང་དུང་ཕྱུར་གཉིས་དང་བྱེ་བ་དྲུག་ལྷག་སློབ་བྱོལ་བྱས་ཡོད། དེ་ལས་ཀྱང་སེམས་ཁུར་བྱེད་དགོས་པ་ཞིག་ནི་སློབ་མ་མང་བོས་ཤེས་བྱ་ཅི་ཡང་ཁོང་དུ་ཆུད་མེད། དེ་ནི་གཙོ་བོ་དབུལ་ཕོངས་སོགས་གནད་དོན་ལས་བཟོས་པ་རེད་ཟེར།

ཨ་མེན་ནཱ་མུའུ་ཧན་མའོ་ཏི་ཡིས་ད་ཡོད་ཀྱི་སློབ་གསོའི་མ་ལག་ལ་བཅོས་བསྒྱུར་བྱས་ཏེ། མི་ཚང་མས་སྤུས་ལེགས་སློབ་གསོ་མྱོང་བར་འགན་སྲུང་བྱེད་དགོས་པའི་འབོད་སྐུལ་བཏང་། ཁོ་མོས་ད་རུང་བུད་མེད་དང་བུ་མོ་ལོ་ཆུང་ལ་སྤུས་ཚད་མཐོ་བ་དང་བཟོད་སྒོམ་རང་བཞིན་ལྡན་པའི་སློབ་གསོ་འདོན་སྤྲོད་བྱེད་པའི་གལ་ཆེན་རང་བཞིན་ནན་བཤད་བྱས། མོས་བལྟས་ན་ཁོ་མོ་ཚོས་ཚན་རིག་དང་ལག་རྩལ། བཟོ་སྐྲུན། གྲངས་རིག་བཅས་ཀྱི་ཁྱབ་ཁོངས་ནས་སློབ་སྦྱོང་ལ་སྐུལ་འདེད་བྱེད་པར་སྐུལ་མ་གཏོང་དགོས་པར་འདོད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལས་དོན་གྱི་གཙོ་འགན་ཁུར་བའི་དྲུང་ཡིག་ཆེན་མོ་གཞོན་པ་ལིས་ཅོན་ཧྭ་ཡིས་སྔོན་ནས་བརྙན་ཕབ་བྱས་པའིབརྙན་རིས་ཞུ་ཚིག་ལས་མི་གྲངས་འགྱུར་ལྡོག་ལས་སློབ་གསོའི་ཐད་ཐེབས་པའི་ཤུགས་རྐྱེན་རྒྱས་བཤད་བྱས་པ་དང་། གཙོ་བོ་མི་གྲངས་མང་བོ་སློབ་བྱོལ་བྱས་པ་དང་སློབ་མའི་གྲངས་རིག་དང་ལྟ་ཀློག་ནུས་པ་ཞན་པའི་གནད་དོན་གླེང་ཡོད། ཁོས་ཡོང་འབབ་དམའ་བ་དང་ཡོང་འབབ་འབྲིང་གི་རྒྱལ་ཁབ་དག་གི་སྲིད་གཞུང་གིས་སློབ་གསོའི་ཐད་ཀྱི་དངུལ་གཏོང་ལ་རྒྱབ་སྐྱོར་བྱེད་དགོས་པའི་འབོད་སྐུལ་བཏང་། ཁོས་ད་རུང་གྲངས་རིག་གི་བར་ཁྱད་ཇེ་ཆུང་དུ་གཏོང་དགོས་པ་དང་མུ་མཐུད་དུ་མཉམ་འབྲེལ་དྲ་རྒྱ་དང་གྲངས་ལྡན་ལག་རྩལ་གྱི་བེད་སྤྱོད་རྒྱ་བསྐྱེད་དགོས་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་གཞོན་པ་ཆིས་ཞིན་གྱིས་བསྟན་དོན། པྲོག་གསར་གློ་ཚད་རིམས་ནད་དང་འཁྲུག་རྩོད། ནམ་ཟླའི་འགྱུར་ལྡོག ཉིན་རེ་བཞིན་ཇེ་སྡུག་ཏུ་འགྲོ་བཞིན་པའི་འབྲུ་རིགས་དཀོན་པའི་སྣང་ཚུལ་བཅས་ལས་འདྲ་མཉམ་མིན་པའི་གནད་དོན་སྔར་ལས་ཇེ་སྡུག་ཏུ་བཏང་ཡོད། སློབ་མ་སྔར་ལས་མང་བོ་སློབ་བྱོལ་བྱས་པ་དང་དགེ་རྒན་ཆད་ལྷག་མི་ཉུང་བ་ཡོད་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་གྲངས་དང་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་སུ་གཏོགས་པའི་ཆེད་དོན་ཨུ་ཡོན་ལྷན་ཁང་ཞིག་ཡིན་པ་དང་། དེའི་འགན་ནུས་གཙོ་བོར་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་སོ་སོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་དམིགས་འབེན་མངོན་འགྱུར་བྱེད་སྐབས་ཀྱི་མི་གྲངས་དང་འཕེལ་རྒྱས་ལ་འབྲེལ་བའི་དམིགས་འབེན་ལ་སྐུལ་འདེད་གཏོང་བ་སོགས་འདུས། སྐབས་འདིའི་གྲོས་ཚོགས་དེ་ཟླ་བཞི་བའི་ཚེས་བཅུ་བཞིའི་བར་རྒྱུན་བསྲིང་རྒྱུ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།