ནེ་ཀྲི་རི་ཡཱའི་ཤར་ལྷོའི་ཕྱོགས་ནས་མི་སེར་དཀྱུས་མ་བརྒྱ་དང་སོ་བཞི་དྲག་ཆས་ཉེས་ཅན་གྱིས་བསད།
2023.04.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 19

ནེ་ཀྲི་རི་ཡཱའི་ཤར་ལྷོའི་ཕྱོགས་ཀྱི་པེ་ནོའུ་ཨེ་མངའ་སྡེའི་མགོ་བ་ཨོ་ཨར་ཐའོ་མུའུ་ཡིས་ཚེས་བཅུ་ཉིན་བཤད་རྒྱུར། བསྟུད་མར་ཉིན་འགའི་རིང་དྲག་ཆས་ཉེས་ཅན་གྱིས་མངའ་སྡེ་དེར་འཇབ་རྒོལ་ཐེངས་མང་སྤེལ་ནས། ཉུང་མཐར་ཡང་མི་སེར་དཀྱུས་མ་བརྒྱ་དང་སོ་བཞི་བསད་ཟེར།

ཨོ་ཨར་ཐའོ་མུའུ་ཡིས་ཉིན་དེར་པེ་ནོའུ་ཨེ་མངའ་སྡེའི་ལྟེ་གནས་གྲོང་ཁྱེར་མཱ་ཁུའུ་ཨར་ཏིས་ནས་གནོད་ཐེབས་མང་ཚོགས་ལ་འཚམས་འདྲི་བྱེད་སྐབས་བཤད་རྒྱུར། ཟླ་འདིའི་ཚེས་ལྔ་ཉིན་ནས་ཚེས་དགུ་ཉིན་བར། ཐོབ་ཐང་གསལ་བོར་མི་ཤེས་པའི་དྲག་ཆས་ཉེས་ཅན་གྱིས་མངའ་སྡེ་དེའི་སྡེ་བ་མང་བོར་འཇབ་རྒོལ་བྱས་ཏེ། ཉུང་མཐར་ཡང་མི་སེར་དཀྱུས་མ་བརྒྱ་དང་སོ་བཞི་བསད་པར་མ་ཟད། ད་རུང་དམངས་ཀྱི་སྡོད་ཁང་མང་བོ་མེར་བཏང་ཡོད་ཟེར།

ནེ་ཀྲི་རི་ཡཱའི་ཙུང་ཐུང་གཞུང་སྒྲུབ་ཁང་གིས་ཚེས་དགུ་ཉིན་གྱི་དགོང་མོར་གསལ་སྒྲོག་སྤེལ་ཏེ། ཙུང་ཐུང་པུའུ་ཧཱ་ལི་ཡིས་དྲག་ཆས་ཉེས་ཅན་གྱིས་པེ་ནོའུ་ཨེ་མངའ་སྡེ་ནས་ཉེས་མེད་མི་སེར་དམར་གསོད་བཏང་བའི་བྱ་སྤྱོད་ངན་པར་རྒོལ་གཏམ་བཏང་བ་དང་། མྱུར་མོར་འཇབ་རྒོལ་མཁན་ཁྲིམས་ལ་སྦྱོར་དགོས་པར་མ་ཟད། བྱེད་ཐབས་སྤྱད་ནས་ཐལ་དྲགས་པའི་དྲག་ཤུགས་མེད་པར་གཏོང་དགོས་པའི་རེ་བ་བཏོན།

ཉེ་བའི་ཟླ་ངོ་འགའི་རིང་ལ། ནེ་ཀྲི་རི་ཡཱའི་ས་ཁུལ་མང་བོར་བསྟུད་མར་དྲག་ཆས་འཇབ་རྒོལ་དང་བཙན་ཁྲིད་དོན་རྐྱེན་བྱུང་སྟེ། མི་མང་བོར་ཤི་རྨས་ཐེབས།


བསོད་ནམས་ཚེ་རིང་གིས་བསྒྱུར།