དབྱི་ལིང་གི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཁཱ་ནཱ་ནེ་ཡིས་ཚེས་བཅུ་གཉིས་ཉིན་བཤད་རྒྱུར། དབྱི་ལིང་གི་འཐུས་ཚབ་ཚོགས་པ་ཉིན་དེའི་ཉིན་གུང་སོ་ཏི་ཨ་རབ་ཀྱི་རྒྱལ་ས་ལེ་ཡཱ་ཏི་རུ་འབྱོར་ནས། གཞུང་ཚབ་ཁང་བསྐྱར་འཛུགས་བྱེད་པའི་དོན་ལ་གྲ་སྒྲིག་བྱེད་བཞིན་ཡོད་ཟེར།
ཁཱ་ནཱ་ནེ་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། དབྱི་ལིང་གི་འཐུས་ཚབ་ཚོགས་པའི་འཚམས་འདྲིར་སོ་ཏི་ཨ་རབ་དཔོན་ཕྱོགས་ཀྱི་དགའ་བསུ་ཐོབ་ཡོད་པ་དང་། དབྱི་ལིང་ཕྱོགས་ཀྱི་བྱ་བའི་ཚན་ཆུང་གཉིས་ཀྱིས་སོ་སོར་ལེ་ཡཱ་ཏི་དང་ཅི་ཏཱ་ནས་བྱ་བ་སྤེལ་ཏེ། གཞུང་ཚབ་ཁང་བསྐྱར་འཛུགས་བྱེད་པ་སོགས་ལ་དགོས་ངེས་ཀྱི་གྲ་སྒྲིག་བྱེད་རྒྱུ་ཡིན་ཟེར། ཁོས་ད་རུང་བདེན་དཔང་བྱས་དོན། སོ་ཏི་ཨ་རབ་ཀྱི་འཐུས་ཚབ་ཚོགས་པ་ཚེས་བརྒྱད་ཉིན་དབྱི་ལིང་གི་རྒྱལ་ས་ཏི་ཧེ་ལན་དུ་འབྱོར་བ་དང་། ཚེས་བཅུ་གསུམ་ཉིན་གྱི་སྔོན་ལ་དབྱི་ལིང་ཤར་ཕྱོགས་ཀྱི་མཱ་ཧྲི་ཧཱ་ཏི་གྲོང་ཁྱེར་དུ་སོང་ནས། གཞུང་ཚབ་ཁང་བསྐྱར་འཛུགས་བྱེད་པའི་ཆེད་དུ་གྲ་སྒྲིག་བྱ་བ་སྤེལ་རྒྱུ་རེད་ཟེར།
སོ་ཏི་ཨ་རབ་དང་དབྱི་ལིང་གིས་ཉིས་སྟོང་བཅུ་དྲུག་ལོར་འབྲེལ་ཐག་བཅད་པ་རེད། ཀྲུང་གོ་ཕྱོགས་ཀྱི་རྒྱབ་སྐྱོར་འོག སོ་ཏི་ཨ་རབ་དང་དབྱི་ལིང་རྒྱལ་ཁབ་གཉིས་ཀྱི་འཐུས་མིས་ད་ལོའི་ཟླ་གསུམ་པའི་ཚེས་དྲུག་ཉིན་ནས་ཚེས་བཅུ་ཉིན་བར་པེ་ཅིང་ནས་གྲོས་མོལ་བྱས་པ་དང་། ཀྲུང་གོ་དང་སོ་ཏི་ཨ་རབ། དབྱི་ལིང་བཅས་ཕྱོགས་གསུམ་གྱིས་མཉམ་འབྲེལ་གསལ་སྒྲོག་སྤེལ་ནས། སོ་ཏི་ཨ་རབ་དང་དབྱི་ལིང་ཕྱོགས་གཉིས་ཀྱིས་ཕྱི་ཕྱོགས་འབྲེལ་བ་སླར་གསོ་བྱེད་པར་ཡིད་འཐད་བྱུང་བ་ཁྱབ་བསྒྲགས་བྱས་པར་མ་ཟད། པེ་ཅིང་གྲོས་མཐུན་བཀོད་ནས། ཕྱོགས་གསུམ་གྱིས་མཉམ་དུ་འབད་བརྩོན་བྱས་ནས་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་རྩ་དོན་ལ་སྲུང་སྐྱོབ་དང་རྒྱལ་སྤྱིའི་ས་ཁུལ་གྱི་ཞི་བདེ་དང་བདེ་འཇགས་ལ་སྐུལ་འདེད་གཏོང་རྒྱུ་ནན་བཤད་བྱས།
ཟླ་བཞི་བའི་ཚེས་དྲུག་ཉིན། ཀྲུང་གོའི་རྒྱལ་སྲིད་ཨུ་ཡོན་ནམ། ཕྱི་འབྲེལ་པུའུ་ཀྲང་ཆིན་ཀང་གིས་པེ་ཅིང་ནས་མཉམ་གཅིག་ཏུ་ཀྲུང་གོར་གྲོས་མོལ་བྱེད་པར་ཡོང་བའི་སོ་ཏི་ཨ་རབ་ཀྱི་ཕྱི་འབྲེལ་བློན་ཆེན་ཧྥེ་སཱ་ཨར་དང་དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཨ་པུའུ་ཏུའུ་ལཱ་ཞེ་དབྱང་གཉིས་ལ་ཐུག་འཕྲད་བྱས། ཐུག་འཕྲད་བྱས་རྗེས་ཆིན་ཀང་གིས་སོ་ཏི་ཨ་རབ་དང་དབྱི་ལིང་ཕྱོགས་གཉིས་ཀྱིས་མཉམ་འབྲེལ་གསལ་སྒྲོག་སྤེལ་ནས། རྒྱལ་ཁབ་གཉིས་ཀྱིས་ཉིན་དེ་ནས་བཟུང་ཕྱི་ཕྱོགས་འབྲེལ་བ་སླར་གསོ་བྱས་པ་ཁྱབ་བསྒྲགས་བྱས་པར་བདེན་དཔང་བྱས།
བསོད་ནམས་ཚེ་རིང་གིས་བསྒྱུར།