ཨུ་རུ་སིའི་གྲོས་ཁང་གོང་ཞོལ་གཉིས་ཀྱིས་ཚེས་བཅུ་གཅིག་ཉིན་དང་ཚེས་བཅུ་གཉིས་ཉིན་སྔ་གཞུག་ཏུ་གྲོས་ཞིབ་བྱས་ཏེ། གྲོས་ཁང་རྟོག་ཞིབ་ཨུ་ཡོན་ལྷན་ཁང་གི་ཨ་མེ་རི་ཁས་ཝུའུ་ཁི་ལན་གྱི་སྐྱེ་དངོས་ཚོད་ལྟ་ཁང་གི་བྱ་འགུལ་སྐོར་གྱི་ཆེས་མཇུག་མཐའི་རྟོག་དཔྱོད་སྙན་ཞུར་གཅིག་གྱུར་གྲོས་འཆམ་བྱུང་། སྙན་ཞུ་ལས་བསྟན་དོན། ཨ་མེ་རི་ཁས་ཝུའུ་ཁི་ལན་དུ་སྐྱེ་དངོས་ཚོད་ལྟ་ཁང་ལྔ་བཅུ་ལྷག་བཙུགས་ཡོད་ཅིང་། དམིགས་བསལ་མི་ཚོགས་དང་སྲོག་ཆགས་སྐྱེ་དངོས་ལ་ཤུགས་རྐྱེན་ཐེབས་པའི་ནད་རྐྱེན་འཚོལ་སྡུད་བྱས་པ་དང་། ཝུའུ་ཁི་ལན་གྱི་སྤྱི་དམངས་བེད་སྤྱད་ནས་གསང་བའི་ཚོད་ལྟ་བྱེད་བཞིན་ཡོད་ཟེར།
ཨུ་རུ་སིའི་ཕྱོགས་ཀྱིས་བསྟན་དོན། ཨ་མེ་རི་ཁས་ཝུའུ་ཁི་ལན་གྱི་སྐྱེ་དངོས་དམག་དོན་བྱ་འགུལ་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱེ་དངོས་མཚོན་ཆ་གཏན་འགོག་བྱེད་པའི་སྤྱི་ཆིངས་དང་རྒྱལ་སྤྱིའི་མི་ཆོས་རིང་ལུགས་ཀྱི་བཅའ་ཁྲིམས་ལ་འགལ་ཡོད་ལ། ཨུ་རུ་སི་ཕྱོགས་ཀྱིས་རྟོག་དཔྱོད་སྙན་ཞུ་དེ་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་གཞན་པར་སྤྲོད་རྒྱུ་ཡིན་ཟེར།
ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ན་ནིང་ཟླ་གསུམ་པར་སྤེལ་བ་ལྟར་ན། ཨུ་རུ་སིའི་ཕྱོགས་ལ་ཐོབ་པའི་རྒྱུ་ཆ་ལས་ཨ་མེ་རི་ཁའི་ཝུའུ་ཁི་ལན་མངའ་ཁོངས་སུ་མེ་སྒོར་དུང་ཕྱུར་གཉིས་ལྷག་བཏང་ནས་སྐྱེ་དངོས་ཚོད་ལྟའི་ཕྱོགས་སུ་བཀོལ་བ་དང་། ཚོད་ལྟའི་ལས་འགན་དེ་ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཡིས་བསྒྲགས་པ་རེད། ཨུ་རུ་སིའི་ཕྱོགས་ཀྱིས་དེའི་རྗེས་སུ་ཐེངས་མང་བོར་ཆ་འཕྲིན་དང་ཡིག་ཆ་མང་བོ་ཐེར་འདོན་བྱས་པ་དང་། དེའི་ནང་ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་དང་གསང་འཕྲིན་ལས་ཁུངས་ཀྱི་མི་སྣ་གལ་ཆེན་དག་ཝུའུ་ཁི་ལན་གྱི་སྐྱེ་དངོས་དམག་དོན་བྱ་འགུལ་སོགས་ལ་ཞུགས་ཡོད་པར་མངོན།
བསོད་ནམས་ཚེ་རིང་གིས་བསྒྱུར།